མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་ཁེ་ལས་ཀྱིས་ལས་རིགས་སློབ་གྲྭ་གཉེར་རྒྱུར་བསྔགས་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་22ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 《ལས་རིགས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཐབས་》དེ་ཉིན་ཤས་གོང་སློབ་གསོ་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་པུའུ། ནོར་སྲིད་པུའུ། མི་སྤྱི་པུའུ། རྒྱལ་ཁྲལ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱིས་མཉམ་དུ་བཀྲམ་པ་རེད། བྱེད་ཐབས་ནང་ལས་རིགས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་དམིགས་ཚད་རྩ་དོན་དང་། ལག་བསྟར་བྱེད་པོ། མཉམ་ལས་བྱེད་ཐབས། སྐུལ་འདེད་བྱེད་ཐབས། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ཐོག་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་རྩ་བའི་ལམ་ལུགས་ཀྱི་སྒྲོམ་གཞི་འཛུགས་དགོས་ལུགས་ཁ་གསལ་བཏོན་ཡོད་པ་རེད།
         སློབ་གསོ་པུའི་ལས་རིགས་སློབ་གསོ་དང་ན་སོ་དར་ལ་མ་བབས་པའི་མིའི་སློབ་གསོ་སིའི་འགན་ཁུར་བས་《ལས་རིགས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཐབས་》ནང་སྤྱིའི་རྩ་འཛིན་དང་། མཉམ་ལས་བྱེད་ཐབས། སྐུལ་འདེད་བྱེད་ཐབས། ལྟ་སྐུལ་ཞིབ་བཤེར། ཞོར་གཏོགས་ནང་དོན་སོགས་ལེའུ་5དང་ཁྱོན་དོན་ཚན་34ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         སྐུལ་འདེད་གཏོང་ཐབས་ནང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་སྒྲིག་འཛུགས་བྱེད་ཐབས་དང་། བྱེད་པོའི་འོས་བབ་ཐོབ་ཐང་། མཉམ་ལས་བྱེད་ཐབས། ཕྱོགས་ཁག་གི་འགན་དབང་། གྲོས་མོལ་ནང་དོན། བརྒྱུད་རིམ་དོ་དམ་སོགས་ནང་དོན་གཏན་འབེབས་བྱས་ཡོད་ལ། ལས་རིགས་སློབ་གྲྭ་དང་ཁེ་ལས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་དང་། ལག་རྩལ་གསར་གཏོད། ལས་ཞུགས་ལས་གཏོད། སྤྱི་ཚོགས་ཞབས་ཞུ། རིག་གནས་རྒྱུན་འཛིན་སོགས་ཁ་གསལ་བཏོན་པ་དང་བྱེད་ཐབས་བདུན་གྱི་ཐོག་ནས་མཉམ་ལས་སྤེལ་རྒྱུ་དང་འབྲེལ་སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས་དང་། ཞབས་ཞུ་ཉོ་སྒྲུབ། ནོར་ཁྲལ་ས་སྤྱོད་དོན་འཁྱོལ། ལས་རིགས་སློབ་གསོའི་ཚོགས་པ། ཐོན་སློབ་ཟུང་འབྲེལ་རྣམ་པའི་ཁེ་ལས་ཚོད་ལྟར་རྒྱབ་སྐྱོར། དགེ་རྒན་དང་ཁེ་ལས་མི་སྣ་ཕྱོགས་གཉིས་སྤེལ་རེས་ལ་སྐུལ་འདེད། སློབ་མའི་ཁེ་དབང་སྲུང་སྐྱོང་། ཞབས་ཞུའི་མ་ལག་འཛུགས་པ་སོགས་ཀྱི་ཞིབ་ཕྲའི་བྱེད་ཐབས་བཏོན་ཡོད་པ་མ་ཟད། སློབ་གསོ་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་དང་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་སྤྱོད་རྒྱུའི་ལམ་སྲོལ་སོགས་ཀྱི་ནང་དོན་གཏན་འབེབས་བྱས་ཡོད་པ་རེད།
         བྱེད་ཐབས་ནང་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་ལས་རིགས་སློབ་གྲྭ་གཉེར་བའམ་ཡང་ན་དེའི་ནང་ཞུགས་པ་དང་འབྲེལ་སློབ་མའི་དངོས་སྦྱོང་དང་། སློབ་མ་གསོ་སྐྱོང་། དགེ་རྒན་གྱི་ལག་ལེན་བཅས་ཀྱི་ལས་གནས་འཛུགས་རྒྱུར་བསྔགས་སྐུལ་བྱ་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད་པ་རེད།