མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིང་ལས་པུས་འབྲོག་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་པ་གཏོད་དགོས་ལུགས་བཏོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། མིག་སྔར་རང་རྒྱལ་གྱི་འབྲོག་ལས་གྲུབ་ཆ་སྔར་བཞིན་དོ་སྙོམས་མེད་པའི་གནད་དོན་ལ་དམིགས་ནས་ཉེ་ཆར་ཞིང་ལས་པུས་འདེབས་འཛུགས་དང་གསོ་སྤེལ་གྱི་འབྲེལ་བ་གསར་པ་གཏོད་པ་དང་འབྲོག་ལས་ཧེ་བག་ཅན་དང་ཁྱད་ལྡན་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ལུགས་སོགས་བཏོན་ནས་འབྲོག་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་པ་གཏོད་རྒྱུ་རེད།
          དོ་སྙོམས་མེད་པ་དེ་རིགས་གཙོ་བོ་ནི། ཞིང་འབྲོག་གྲུབ་ཆའི་ཐད་འདེབས་འཛུགས་དང་གསོ་སྤེལ་ལོགས་དབྱེ་དང་། ས་ཁོངས་གྲུབ་ཆའི་ཐད་དང་ཐོན་ཁུངས་ཁོར་ཡུག་སྙོམ་སྒྲིག་ཚད་གཞི་ཞན་པ། འབྲོག་ལས་དང་འདེབས་འཛུགས་གྲུབ་ཆའི་ཐད་གསོ་སྤེལ་ཁོ་ནར་དམིགས་པའི་འབྲུ་རིགས་ཟད་གྲོན་རྣམ་པའི་གྲུབ་ཆའི་ཁྱད་ཆོས་མངོན་གསལ་དོད་པ། ཐོན་རྫས་གྲུབ་ཆའི་ཐད་རྩེར་སོན་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱ་རྒྱུ་དེ་ཁྲོམ་རའི་དགོས་མཁོ་དང་ག་མི་ཐུག་པ། ནུས་པའི་གྲུབ་ཆའི་ཐད་ཐོན་སྐྱེད་བྱེད་ཤུགས་ཆེ་བ་དང་སྣོད་བཅུད་ཉམས་ཞན་ཡིན་པ་བཅས་ཀྱི་ཐད་ནས་མངོན་ཡོད།
         དེར་བརྟེན་ཞིང་ལས་པུས་རྫོང་ཧྲིལ་པོས་ལྕི་བ་དང་རིལ་མ་སོགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་པའི་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་ནས་དངུལ་སྨར་ཡོང་འབབ་མང་དུ་གཏོང་བ་དང་ཁྱབ་ཁྱོན་ཆེ་རུ་བཏང་སྟེ་འབྲོག་ལས་རྫོང་ཆེན་200ཙམ་ལ་གཅིག་སྡུད་བཅོས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་རྫོང་གཏོད་པའི་བྱེད་སྒོ་སྤེལ་ནས་དཔེ་སྟོན་རྫོང་50གསར་སྣོན་བྱས་ཏེ་ནོར་ལུག་གི་ལྕི་བ་དང་རིལ་མ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུར་དཔེ་སྟོན་དང་ཁྲིད་སྟོན་བྱ་རྒྱུ་རེད།
         འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ཞིང་ལས་པུས་དེང་རབས་ཅན་གྱི་དཔེ་སྟོན་འབྲོག་ར་བསྐྲུན་འགོ་བཙུགས་ནས་དེང་རབས་ཅན་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ལས་རིགས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་གསོ་སྤེལ་དུད་ཚང་འབྲིང་ཆུང་གི་ཐོན་སྐྱེད་གཉེར་སྐྱོང་ཆུ་ཚད་མཐོ་རུ་བཏང་ཐོག་གཟན་ཆག་གི་སྤུས་ཚད་བདེ་འཇགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
         འདི་ལོ་ཞིང་ལས་པུས་རྟ་དང་། བོང་བུ། རི་བོང་། སྦྲང་ནོར་བུ། ར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཞིབ་འཇུག་བྱ་རྒྱུ་རེད།