མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཆེས་མཐོའི་
ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུ་ཐེངས་བཅུ་གསུམ་པར་རྟེན་འབྲེལ་འཕྲིན་
ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུ་ཐེངས་བཅུ་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
        ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུ་དེ་རྩ་འཛུགས་འདིའི་ཁྲིམས་འཛིན་མཉམ་ལས་སྒྲིག་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཁོངས་མིའི་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་འདུ་ཤེས་དང་ལམ་ལུགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་བསྐྲུན་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་ཅན་དང་། རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་གྱི་ཚོང་གཉེར་ཁོར་ཡུག་གཏོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་བཞིན་ཡོད། ཕྱོགས་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་འཛིན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཉེས་གསོག་ལ་རྡུང་རྡེག་དང་རྩོད་གཞི་ནུས་ལྡན་ངང་བསལ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་འབྲེལ་རྩ་འཛུགས་དེས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།