མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་
བཅོ་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་པ།  

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་
བཅོ་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཤིས་ཚིག་གསུངས་པ་རེད།
            མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་ནང་འཁྲུག་ཆ་ཤིན་ཏུ་དོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་དུ“ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ”ཞེས་པའི་ཚོགས་རྟགས་བཀལ་བ་དང་། སྡིངས་ཆའི་ཡོལ་བའི་དབུས་སུ་བཀལ་བའི་གུང་གཞོན་སྡེ་ཚོགས་ཀྱི་རྟགས་མ་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ་བ། དམར་མདངས་བཀྲ་བའི་དར་དམར་བཅུ་གཞོགས་གཉིས་སུ་གྲལ་སྟར་སྒྲིག་པོར་བསྒྲིགས་ཡོད། ཐོག་སོ་གཉིས་པའི་ལྟ་སྟེགས་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་བརྗིད་ཆགས་ཡིད་འོང་གི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས”ཞེས་འཁོད་པའི་འཕྲེད་འགེལ་སྦྱར་ཡིག་ཧ་ཅང་ཆེན་པོ་ཞིག་བཀལ་ཡོད། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་སྡེ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་1500ལྷག་ཙམ་གྱིས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྲི་8100ལྷག་ཙམ་གྱི་མངགས་བཅོལ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་པ་རེད།
          སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། 
          ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧོ་ཅུན་ཁོའོ་ཡིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། སྐབས་དེར་ཚང་མས་ཡར་བཞེངས་ཏེ་རྒྱལ་གླུ་དང་ཚོགས་གླུ་སྐད་གསང་མཐོན་པོས་བླངས་པ་རེད། 
          དེ་རྗེས་ལོ་ཆུང་གདོང་ལེན་རུ་མི་10ཡིས་ཚོགས་ཆེན་ལ་ཤིས་ཚིག་ཕུལ་བ་རེད། ཁོང་ཚོའི་ཁྲོད་ནས་ལ་ལ་ནི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་ནས་ཡོང་བ་དང་། ལ་ལ་ནི་མི་རིགས་ས་ཁུལ་ནས་ཡོང་བ། ལ་ལ་ནི་སློབ་བརྩོན་རྒན་བཀུར་གྱི་མིག་དཔེ་ཡག་པོ། ལ་ལ་ནི་སྤྱི་ཕན་དང་ཁོར་ཡུག་སྲུང་སྐྱོང་ལས་ལ་དགའ་བའི་ལོ་ཆུང་བཟང་པོ་བཅས་རེད། ལོ་ཆུང་གདོང་ལེན་རུ་མི་ཚོའི་སྐད་གསང་མཐོན་པོ་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་བྱ་ཚུལ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་བསམ་པ་མཚོན་པ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་གྲ་སྒྲིག་བྱེད་པའི་ཆོད་སེམས་ཀྱང་མཚོན་གྱི་ཡོད། 
          ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་《དུས་རབས་ཀྱི་ཤར་རླུང་དང་བསྟུན་ནས་ལང་ཚོའི་ཕུགས་འདུན་སྒྲུབ་པར་གཞོལ་》ཞེས་པ་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་བསྒྲོན་ཞིང་། ཝང་ཧུའུ་ཉིང་གིས་དང་ཐོག་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་དང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཡོངས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། 
           ཝང་ཧུའུ་ཉིང་གིས་ཤིས་ཚིག་སྒྲོན་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་གུང་གཞོན་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་ཚུན། གུང་གཞོན་སྡེ་ཚོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་བཏང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱས་པ། གུང་གཞོན་སྡེ་ཚོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྡེ་ཚོགས་ནན་པོས་སྐྱོང་རྒྱུར་དམ་འཛིན་ལྷོད་མེད་བྱས་པ་ལས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ལ་སྡེ་ཚོགས་ཀྱི་ལས་བྱེད་པ་དང་གུང་གཞོན་ཚོགས་མིའི་རྣམ་པ་གསར་པའང་མངོན་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་མི་སྒེར་གྱི་འབད་འཐབ་དེ་ཏང་དང་མི་དམངས་ཀྱི་ཐུན་མོང་འབད་འཐབ་ཁྲོད་རང་རྟོགས་ངང་མཉམ་འདྲེས་བྱས་ནས་དེང་དུས་གཞོན་ནུའི་ཏང་གཅེས་རྒྱལ་གཅེས་ཀྱི་ཆོད་སེམས་བརྟན་པོ་དང་། གསར་གཏོད་བྱེད་ཕོད་པའི་སྐྱེ་སྟོབས་དང་གསོན་ཤུགས། ལེགས་སྐྱེས་འབུལ་སྤྲོ་བའི་སྤྱོད་ཚུལ་བཟང་པོ། གདེང་ཚོད་སྒོ་དབྱེའི་རྒྱལ་སྤྱིའི་རྣམ་པ་བཅས་མཚོན་པར་བྱས་ཡོད་ཅེས་གསུངས་པ་རེད། 
          ཝང་ཧུའུ་ཉིང་གིས་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་གཞོན་ནུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་འཛུགས་པའི་བརྗིད་ཆེའི་དམིགས་ཚད་མངོན་དུ་འགྱུར་བའི་འགན་འཁྲི་ལྕི་པོ་དེང་དུས་གཞོན་ནུའི་ཕྲག་ཏུ་བབས་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ཕུགས་བསམ་དད་སེམས་ཐོག་མཐའ་བར་གསུམ་དུ་བརྟན་དུ་གཏོང་བ་དང་། བླ་ན་མེད་པའི་སྤྱོད་བཟང་ཞིག་འཇགས་རྒྱུར་གཞོལ་བ། འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱེད་པ། གསར་གཏོད་བྱེད་ཕོད་པར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་གཙོ་ཤུགས་དམག་བྱེད་ཕོད་པ་བཅས་བྱས་ནས་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་སྐད་གསང་མཐོན་པོས་ལེན་དགོས་ཞེས་གསུངས་པ་རེད། 
           ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ལི་ཡུས་ཧྥུའུ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་ལོག་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་སྤུན་ཟླ་ཐའེ་དབན་བའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་ཤིས་ཚིག་བསྒྲོན་པ་རེད། ཤིས་ཚིག་ནང་སྡེ་ཚོགས་རྩ་འཛུགས་ཁག་ལ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ཚོགས་པའི་རྩ་འཛུགས་བྱ་གཞག་གི་ལེའུ་གསར་པ་མཉམ་དུ་རྩོམ་དགོས་ཞེས་བསྟན་གནང་བ་རེད། 
           ཧོ་ཅུན་ཁོའོ་ཡིས་གུང་གཞོན་སྡེ་ཚོགས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་བརྗིད་ཆགས་ཡིད་འོང་གི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་》ཞེས་པ་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་གནང་བ་རེད། སྙན་ཞུའི་ནང་དོན་ཁག་8ལ་ཕྱེ་བ་སྟེ། དུས་རབས་གསར་པར་སླེབས་པའི་ཀྲུང་གོའི་གཞོན་ནུ་དང་གུང་གཞོན་སྡེ་ཚོགས་དང་། སྟོབས་ལྡན་རྒྱལ་ཁབ་དུས་རབས་ཀྱི་གཞོན་ནུའི་ལོ་རྒྱུས་ཀྱི་འགན་འཁྲི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་གཅིག་འདོམས་བྱེད་དགོས་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་མཁན་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་དགོས་པ། ལང་ཚོར་བརྟེན་ནས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པ། གཞོན་ནུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། གུང་གཞོན་སྡེ་ཚོགས་སྒྱུར་བཅོས་ལས་དོན་མུ་མཐུད་སྤེལ་དགོས་པ། ཕྱོགས་ཡོངས་ནས་སྡེ་ཚོགས་ནན་པོས་སྐྱོང་དགོས་པ་བཅས་རེད།
            ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད། 
           ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། མི་དམངས་ཀྱི་ཚོགས་པ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དེ་སྔོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་རུ་ཕྱག་ལས་གནང་མྱོང་བའི་པེ་ཅིང་དུ་བཞུགས་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་འགོ་ཁྲིད་བློ་མཐུན་འགའ་ཞིག རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་གུང་གཞོན་ཚོགས་མི་དང་གཞོན་ནུའི་འཐུས་མི་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། 

༄༅།།ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་
བཅོ་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་པ།