མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱ་ཐབས་མང་པོ་བཏོན་ནས་ལག་ཐོགས་ཁ་པར་ཞིང་པའི"ཞིང་ལས་
ཡོ་བྱད་གསར་པར"འགྱུར་བ་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             མི་དམངས་དྲ་བའི་འཕྲིན། ཚེས་27ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་སྤྱི་ཕན་ཞབས་ཞུའི་ལས་སྟེགས་སྐྲུན་པ། ཞིང་དུད་ཆ་འཕྲིན་ལག་རྩལ་བེད་སྤྱོད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལག་ཐོགས་ཁ་པར་དེ་རྒྱ་ཆེའི་ཞིང་པའི“ཞིང་ལས་ཡོ་བྱད་གསར་པར”འགྱུར་བ་བྱེད་པ་དང་ཆབས་ཅིག་དྲ་སྦྲེལ་དེ་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་པའི་སྒྲིག་བཀོད་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།
                ཚོགས་འདུའི་ཐོག“དྲ་སྦྲེལ་+”ལ་བརྟེན་ནས་ཆེད་ལས་ཅན་གྱི་སྤྱི་ཚོགས་ཞབས་ཞུ་སྣ་ཚོགས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་དོ་དམ་དེ་བས་གནད་སྨིན་ཕན་ཆེ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་དུད་ཆུང་ངུ་དུང་ཕྱུར་མང་པོ་དང་སྐད་ཅིག་ཙམ་ལ་འགྱུར་ལྡོག་འགྲོ་བའི་ཁྲོམ་ར་ཆེན་པོ་དང་སྦྲེལ་མཐུད་དེ་བས་ཡག་པ་ཐུབ་པ་བཅས་བྱེད་དགོས། དེ་ཞིང་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ། ཞིང་པའི་ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་གསར་པ་རྒྱ་ཆེར་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།
            དེའི་ཐད། ཚོགས་འདུའི་ཐོག“དྲ་སྦྲེལ་+ཞིང་ལས”ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་སྲིད་ཇུས་བྱ་ཐབས་གསུམ་གཏན་འཁེལ་བྱས་ཡོད་པ་སྟེ། གཅིག་ནས་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ཆ་འཕྲིན་ལག་རྩལ་ཡོངས་ཁྱབ་བེད་སྤྱོད་བྱེད་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཟོག་འབྲེལ་དྲ་རྒྱ་ས་ཁོངས་ཚོད་ལྟ་བྱེད་ཁྱོན་དང་། གཞི་ཁྱོན། ནང་དོན་བཅས་རྒྱ་ཆེར་བཏང་ནས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་གྲངས་གཞི་ཆེ་མོ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས“དྲ་སྦྲེལ་+”ཀྱི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་ཕྱིར་ཚོང་བྱེད་པའི་འདུ་འགོད་ལག་ལེན་བསྟར་ནས་གློག་རྡུལ་ཚོང་དོན་ཁེ་ལས་དང་ཞིང་དུད་ཆུང་ངུ་དང་། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་སོགས་ཐོན་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་གྱིས་གྲོང་གསེབ་ཀྱི་དྲ་རྒྱའི་དྲ་ཆེན་དང་འཁྱགས་གཏོང་ཟོག་འདྲེན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་དྲ་སྦྲེལ་འཕེལ་རྒྱས་ཀྱི་ཞིང་ཉེ་ཞིང་ཕན་གྱི་ལས་རྣམ་གསར་པ་དང་བྱ་ཐབས་གསར་པ་སྤྱོད་རྒྱུར་སྐུལ་ལྕག་གཏོང་བ་དང་། གྲོང་གསེབ་ཏུ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་རྒྱུ་འཕེལ་རྒྱས་གཏིང་ཟབ་ཡོང་བར་བྱས་ཏེ་ཞིང་པ་དེ་བས་མང་བ་ཉེ་ཁུལ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱེད་དགོས་པ་བཅས་རེད།
              ཞིང་ལས་གྲོང་གསེབ་པུའི་ཁྲོམ་ར་དང་དཔལ་འབྱོར་ཆ་འཕྲིན་སིའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། ཞིང་ལས་གྲོང་གསེབ་པུས་འདི་ལོ་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཡོངས་སུ་ཁྱབ་པའི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས་ཞིང་ཆེན་ཧྲིལ་པོའི་སྐུལ་སྤེལ་མྱུར་ཚད་དང་རིམ་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཡོངས་སུ་ཁྱབ་པའི་སྤྱི་ཕན་ལས་སྟེགས་མགྱོགས་མྱུར་སྐྲུན་པ། ལམ་ལུགས་ཚད་ལྡན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་གཞི་རིམ་ཆ་འཕྲིན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཕྱེད་ཀའི་ཞིང་ཆེན་ཧྲིལ་པོར་སྐུལ་སྤེལ་གྱི་ལས་དོན་ལེགས་གྲུབ་ཐུབ་པའི་བརྩོན་ལེན་བྱེད་པ། དཔེ་སྟོན་ཞིང་ཆེན་གྱི་སྲིད་འཛིན་གྲོང་ཚོར་སྤྱིར་ན་ཡོངས་ཁྱབ་ཐུབ་པ། ཞིང་ཆེན་གཞན་དག་གིས་རང་སོ་སོས་ཞིང་ཆེན་ཧྲིལ་པོར་སྐུལ་སྤེལ་གྱི་ལས་དོན་སྤེལ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།
            ད་དུང་ཞིང་ལས་གྲོང་གསེབ་པུས་ས་གནས་ཁག་གི་ཞིང་ལས་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཞིང་པའི་ལག་ཐོགས་ཁ་པར་བེད་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་ཏེ་འབྲེལ་ཡོད་ཁེ་ལས་དང་མཉམ་དུ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གསོ་སྦྱོང་གི་ནང་དོན་དང་བྱ་ཐབས་གསར་གཏོད་བྱ་རྒྱུ་དང་། ས་གནས་ཁག་གི་ཞིང་ལས་སྡེ་ཚན་དང་། འབྲེལ་ཡོད་ཁེ་ལས་དང་ཚན་པ་མུ་མཐུད་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་པའི་ལག་ཐོགས་ཁ་པར་བེད་སྤྱོད་རྩལ་ནུས་གསོ་སྦྱོང་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་དང་། དུས་ཚོད་འོས་འཚམ་ནང་ཞིང་པའི་ལག་ཐོགས་ཁ་པར་བེད་སྤྱོད་རྩལ་ནུས་འགྲན་བསྡུར་བྱས་ཏེ་ཞིང་པས་ལག་ཐོགས་ཁ་པར་སྤྱད་དེ་ཐོན་སྐྱེད་གོང་འཕེལ་དང་། འཚོ་བར་སྟབས་བདེ། འབབ་འཕར་ཕྱུག་འགྱུར་བཅས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།