མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་
རིག་མཁས་ཅན་གྱི་རིམ་པ་མཐོ་བའི་གླེང་མོལ་ཚོགས་འདུའི་འགོ་འཛུགས་མཛད་སྒོར་
ལྷན་དུ་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་ཕི་རི་ཐོ་རི་ཡར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་མཁས་ཅན་གྱི་རིམ་པ་མཐོ་བའི་གླེང་མོལ་ཚོགས་འདུའི་འགོ་འཛུགས་མཛད་སྒོར་ལྷན་དུ་ཞུགས་པ་རེད།
          སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་དང་ལ་མ་ཕུའུ་ས་ཡིས་ལྷན་དུ་འགོ་འཛུགས་མཛད་སྒོ་འཚོགས་ཡུལ་དུ་ཕེབས་པ་རེད།
         ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་སྐབས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་བདེ་སྡུག་མཉམ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཉམ་ལས་གཉིས་ཕན་གྱི་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་ཅིག་རེད། 2015ལོའི་ཟླ་12པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་ང་ཚོས་དབུ་ཚོགས་ཀྱི་གྲུབ་འབྲས་ཡིག་ཆའི་ནང་བཏོན་པའི་ཚན་ཞིབ་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཧ་ཅང་ཡག་པོ་བྱུང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དགའ་སྤྲོ་འཁོལ་བའི་ངང་མཐོང་བྱུང་། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་གསར་གཏོད་མཉམ་ལས་ལའང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་ལག་རྩལ་མཉམ་ལས་ལ་འཕེལ་རིམ་གལ་ཆེན་བྱུང་བ་དང་མདུན་གྲལ་ལག་རྩལ་གྱི་ཁྱབ་ཁོངས་དང་ཐོན་ལས་བཀོལ་སྤྱོད་ཐད་ཀྱི་མཉམ་ལས་ལ་ཕན་ནུས་ཆེན་པོ་ཐོན་པ་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་མཁས་ཅན་ཚོའི་ཚན་རྩལ་ཁྱབ་ཁོངས་ཐད་ཐོབ་པའི་ཚད་བརྒལ་ལ་གོ་ལ་ཧྲིལ་པོའི་ཚན་རྩལ་ལས་རིགས་ཀྱི་དོ་སྣང་ཆེན་པོ་ཐོབ་པ་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཐོག་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བའི་འཕར་གཞི་གསར་པར་གྱུར་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་འདི་ལོའི་ཟླ་9པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་མཉམ་ལས་ཐད་གོ་སྐབས་གལ་ཆེན་གསར་པ་འཕྲད་ཡོད། ང་ཚོས་མཉམ་འབྲེལ་གསར་གཏོད་ཀྱི་ལས་སྟེགས་གསར་པ་ཧུར་ཐག་ངང་བསྐྲུན་ནས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུ་ཚན་རིག་མཁས་ཅན་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱ་རང་འགུལ་ཧུར་ཐག་ངང་མཉམ་འདྲེས་བྱེད་པ། འཛམ་གླིང་རྒྱལ་ཁབ་ཁག་དང་གསར་གཏོད་ནུས་པའི་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་དེ་འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ཐུབ་པ། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་ཧུར་ཐག་ངང་སྐྱོད་པ་བཅས་བྱེད་དགོས། རེ་བར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་ལས་རིགས་དང་ཐོན་ལས་ལས་རིགས་ཀྱི་འཐུས་མི་ཁག་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟམ་མི་ཆད་པར་དར་སྤེལ་གཏོང་བ་དང་གསར་འབྱེད་གསར་གཏོད་དང་མཉམ་ལས་དམ་ཟབ་ཧུར་ཐག་བྱས་ཏེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་གསར་གཏོད་མཉམ་ལས་དེ་གཉིས་ཕན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ང་ཚོའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
         ལ་མ་ཕུའུ་ས་ཡིས་ཤིས་ཚིག་གསུངས་སྐབས་དང་ཐོག་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཚན་རྩལ་མཉམ་ལས་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་ད་ཕན་ལོ་ཤས་རིང་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཚན་རྩལ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ད་ཐེངས་ཀྱི་གླེང་མོལ་ཁྲོད་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་དེའི་ཁྲོད་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་གཅིག་སྡུད་ཐོག་མངོན་ཡོད། ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་ཏེ་བཟོ་ལས་གསར་བརྗེ་ཐེངས་བཞི་པར་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནི་ལྷོ་ཨ་ཧྥེ་རི་ཁའི་བློས་འགེལ་ཆོག་པའི་ཚན་ཞིབ་མཉམ་ལས་རོགས་ཟླ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཐད་ཤུགས་བརྒྱབ་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་གི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
        འགོ་འཛུགས་མཛད་སྒོ་མ་འཚོག་གོང་ཞི་ཅིན་ཕིང་དང་ལ་མ་ཕུའུ་ས་ཡིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་གྲུབ་འབྲས་པར་རིས་འགྲེམས་སྟོན་ལ་ལྷན་དུ་གཟིགས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་འགྲེམས་སྟོན་ཚོམས་ཆེན་དུ་ཕེབས་ནས་ཨ་ཧྥེ་རི་ཁའི་ཚན་རྩལ་རྣམ་གྲངས་གཙོ་གྲས་དང་། ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་གྲུབ་འབྲས། ཀྲུང་གོའི་ཚན་རྩལ་གྲུབ་འབྲས། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རྩལ་མཉམ་ལས་ཀྱི་གྲུབ་འབྲས་བཅས་ཀྱི་པར་རིས་ལ་གོ་རིམ་བཞིན་གཟིགས་པ་རེད། ལྷོ་ཨ་ཧྥེ་རི་ཁའི་སྤྱི་ལེ་ངོས་གྲུའི་བཤམས་སྟོན་འཕྲོ་གློག་རྒྱང་ཤེལ་ནི་ཀྲུང་གོ་ཚུད་པའི་རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་ཞུགས་པའི་གཙོ་གནད་རྣམ་གྲངས་ཡིན་ལ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་གཙོ་གནད་ཚན་རྩལ་མཉམ་ལས་རྣམ་གྲངས་ཀྱང་ཡིན་པས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འབྲེལ་ཡོད་ངོ་སྤྲོད་ནན་ཏན་ངང་གསན་པ་དང་འབྲེལ་ཕྱོགས་གཉིས་པོའི་ཚན་རིག་མཁས་ཅན་ལ་མུ་མཐུད་འབད་བརྩོན་བྱས་ནས་རྣམ་གྲངས་ཡག་པོ་སྐྲུན་དགོས་པའི་སྐུལ་མའང་གནང་བ་རེད། གཟིགས་སྐོར་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་པེ་ཅིང་རླངས་འཁོར་མ་འཇོག་རྣམ་གྲངས་ཀྱི་རླངས་འཁོར་ཐོན་དང་པོ་ཐོན་སྐྱེད་བྱས་པའི་བརྙན་ལམ་སྦྲེལ་མཐུད་མཛད་སྒོར་ཞུགས་པ་རེད།
         ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཕུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།