མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ་དབར་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ་དབར་གྲོས་མོལ་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁི་ཀ་ལིར་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ་དང་གྲོས་མོལ་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་རུའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་47སོང་ཚུན་གྱི་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་དགེ་མཚན་ལྡན་པའི་གདེང་འཇོག་གནང་བ་དང་ཀྲུང་རུའི་མཛའ་གྲོགས་མཉམ་ལས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་འཆར་འགོད་གནང་ནས་ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་ལ་དེ་བས་གཡུར་ཟའི་གྲུབ་འབྲས་ཐོབ་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཀྲུང་རུའི་མི་དམངས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཁེ་ཕན་དེ་བས་མང་བ་བསྐྲུན་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་རུ་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ངོས་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་ཏེ་ཕ་རོལ་པོའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་ངང་གདམ་ག་བྱེད་པ་དང་ཕྱོགས་གཉིས་པོའི་རྩ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་འགངས་ཆེན་དང་འབྲེལ་བ་ཡོད་པའི་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་ཆ་གསབ་རེས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དངོས་སྒྲུབ་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱ་བསྐྱེད་གཏོང་དགོས། རུ་ཝང་ཏ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་ལ་རུ་ཝང་ཏར་བསྐྱོད་ནས་མ་འཇོག་ལས་དར་བྱ་རྒྱུར་བསྔགས་སྐུལ་བྱས་ཏེ་རུ་ཝང་ཏའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱ་རྒྱུ་ཡིན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་དམངས་སེམས་དབར་གྱི་འབྲེལ་འདྲིས་ལ་སྐུལ་འདེད་བཏང་སྟེ་ཀྲུང་རུའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་ཆེད་སྲ་ཞིང་བརྟན་པའི་སྤྱི་ཚོགས་དང་དམངས་འདུན་གྱི་རྨང་གཞི་འདིང་དགོས། ཁྲིམས་སྐྱོང་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱེད་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞི་གལ་ཆེན་གྱི་གནད་དོན་ཐད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ལོ་བཅུ་ཕྲག་ཁ་ཤས་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་མཐུན་སྒྲིལ་མཉམ་ལས་བྱས་པ་དེ་ནི་བདེ་སྡུག་མཉམ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཉམ་ལས་གཉིས་ཁེའི་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་རེད།
         ཨ་ཧྥེ་རི་ཁ་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་དང་བློ་རྩ་བརྟན་པའི་འཐབ་ཇུས་ཀྱི་གདམ་གའང་རེད། ཨ་ཧྥེ་རི་ཁ་རྒྱུག་ཤར་གློད་བཞིན་པའི་ཕོ་སེང་ཞིག་དང་འདྲ་ཞིང་། ང་ཚོས་སྟོབས་ཆེ་ལ་ཉིན་བཞིན་གཞི་གཅིག་ཅན་གྱི་ཕྱོགས་སུ་འགྲོ་བའི་ཨ་ཧྥེ་རི་ཁ་ཞིག་མཐོང་འདོད་འདུག ཨ་ཧྥེ་རི་ཁ་མནའ་འབྲེལ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་མཉམ་ལས་བྱེད་པའི་དར་ཆ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ཞི་བདེ་དང་འཕེལ་རྒྱས་ལ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཁྲིད་སྟོན་ནུས་པ་འདོན་སྤེལ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པར་སྔར་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད། ང་ཚོས་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། དཔེ་སྟོན་རང་བཞིན། ཕན་པའི་རང་བཞིན་བཅས་རིམ་པ་སྤར་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་དེ་བས་ཕན་བདེ་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།
        ཁ་ཅ་མའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏར་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་བློས་འགེལ་ཆོག་པ་དང་བདེ་སྡུག་མཉམ་མྱོང་གི་གྲོགས་པོ་ཞིག་ཡིན་པས། ཀྲུང་གོ་དང་མཛའ་གྲོགས་འབྲེལ་བའི་འཕེལ་རྒྱས་རུ་ཝང་ཏ་དང་ཨ་ཧྥེ་རི་ཁའི་ངོས་ནས་བཤད་ན་གལ་འགངས་ཧ་ཅང་ཆེན་པོ་ཡོད། ཀྲུང་གོས་ལོ་མང་རིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། སློབ་གསོ་སོགས་ཁྱབ་ཁོངས་སུ་རྩ་ཆེའི་རོགས་རམ་གནང་བར་རུ་ཝང་ཏས་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ་རོགས་རམ་འདི་ལྟ་བུ་ལས་རུ་ཝང་ཏའི་བསྐྱར་སྐྲུན་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། རུ་ཝང་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་དང་ཕྱོགས་མང་པོའི་ཁྱབ་ཁོངས་ཁག་དབར་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རུ་ཝང་ཏ་དང་ཨ་ཧྥེ་རི་ཁ་གཉིས་ཀར་གོ་སྐབས་གལ་ཆེན་ཕྲད་པ་དང་རུ་ཝང་ཏ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཧུར་ཐག་ཞུགས་འདོད་ཡོད་ཅེས་བཤད།
        གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་བ་རེད།

༄༅།།ཞི་ཅིན་ཕིང་དང་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ་དབར་གྲོས་མོལ་གནང་བ།