མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་10ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཕྱིར་གཏོང་ཁྲལ་སློག་སྲིད་ཇུས་ཀྱི་ཁྲལ་སློག་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་བྱ་ཐབས་གཏན་འཁེལ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱེད་པ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ཏེ་སྡོད་ཁང་ལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་སའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
        ཚོགས་འདུའི་ཐོག་ཕྱིར་གཏོང་ཁྲལ་སློག་ལག་བསྟར་བྱེད་པ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་མཐུན་ཡོད། ཕྱིར་གཏོང་ཁྲལ་སློག་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་དང་ཕྱིར་གཏོང་ཁྲལ་སློག་མྱུར་ཚད་མགྱོགས་སུ་གཏོང་བ་དེས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་དངོས་ཚན་དཔལ་འབྱོར་གྱི་མ་གནས་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། མིག་སྔའི་རྒྱལ་སྤྱིའི་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པ་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་2018ལོའི་ཟླ་11ཚེས་1ཉིན་ནས་བཟུང་གྲུབ་ཆ་ལེགས་སྒྲིག་གི་རྩ་དོན་ལ་གཞིགས་ནས་རྒྱལ་སྤྱིའི་ཤར་བགྲོད་བྱེད་ཐབས་ལ་དཔེ་བལྟས་ནས་ད་ལྟ་སྤྱོད་བཞིན་པའི་ཚོང་ཟོག་ཕྱིར་གཏོང་གི་ཁྲལ་སློག་ཚད་15%དང་ཁག་གཅིག་13%ཡིན་པ་ནས་16%བར་མཐོ་རུ་གཏོང་རྒྱུ་དང་། 9%ཡིན་པ་དེ་10%བར་མཐོ་རུ་གཏོང་རྒྱུའི་ནང་ཁག་གཅིག་13%བར་མཐོ་རུ་གཏོང་རྒྱུ། 5%ཡིན་པ་དེ་6%བར་མཐོ་རུ་གཏོང་རྒྱུ་དང་ཁག་གཅིག་10%བར་མཐོ་རུ་གཏོང་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱ་རྒྱུ་ནི་དམངས་འཚོའི་འདུ་འགོད་ཆེན་པོ་ཞིག་ཡིན་ལ་འཕེལ་རྒྱས་ཀྱི་འདུ་འགོད་ཅིག་ཀྱང་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལ་གཞིགས་ན། ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རིམ་རྩིས་བརྒྱབ་ན། སྡོད་ཁང་སྐྱོ་ཁུལ་གྱི་གྲོང་མི་དུང་ཕྱུར་1ལྷག་ཙམ“སྡོད་ཁང་སྐྱོ་ཁུལ་ནས་སྤོས་ཏེ་ཐོག་བརྩེགས་ཁང་ཆེན་ནང་སྡོད་རྒྱུ་བྱུང་བ”དང་། འདི་ལོའི་ཟླ་དང་པོ་ནས་དགུ་པ་བར་རྒྱལ་ཡོངས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ཁང་པ་ཁྲི་534རྒྱག་འགོ་ཚུགས་པ་དེས་ལོ་ཧྲིལ་པོའི་ལས་འགན་གྱི་92%ཡན་བཟུང་ནས། སྡོད་ཁང་ལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་སའི་ཆ་རྐྱེན་ལེགས་གཏོང་དང་། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ། དགོས་མཁོ་ནུས་ལྡན་ངང་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་གཅིག་གོ་མང་ཆོད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། གོམ་སྟབས་རྗེས་མར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་སྡོད་ཁང་གི་ཁྱད་ཆོས་དེ་བས་ལེགས་པའི་ངང་མངོན་པར་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་འདི་ལོའི་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་ལོ་གསུམ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་འཆར་གཞི་གསར་པར་གཞིགས་ནས་ས་ཁུལ་ཁག་གིས་ཨར་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ཁྱབ་ཁོངས་དང་ཚད་གཞི་ནན་པོ་བཟུང་ནས་གྲོང་ཁུལ་རྙིང་པའི་ནང་གི་བཙོག་ཟིང་ཞན་གསུམ་གྱི་སྡོད་ཁང་སྐྱོ་ཁུལ་དང་གཞུང་ཁོངས་བཟོ་གཏེར་ཁུལ་དང་། ནགས་ཁུལ། གསར་སྦོལ་ས་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་བྱ་ཡུལ་གཙོ་གནད་དུ་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ། གསུམ་ནས་ས་ཁུལ་ཁག་གིས་ནོར་སྲིད་ཀྱི་ཐེག་ནུས་དཔྱད་དཔོག་ནན་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་2019ལོའི་ལོ་འཁོར་གྱི་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་ལས་འགན་གཏན་འཁེལ་བྱ་རྒྱུ་བཅས་བསྟན་པ་རེད།