མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2018ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་དྲན་གསོའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། 2018ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་དྲན་གསོའི་བྱེད་སྒོ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་སྤེལ་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲན་གསོའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས་2018ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་དྲན་གསོའི་བྱེད་སྒོ་སྤེལ་བའི་སྐབས་འདིར། ངས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་ཞུས་པ་དང་འབྲེལ་སྒེར་གྱི་མིང་ཐོག་ནས་དྲན་གསོའི་བྱེད་སྒོ་སྤེལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་མ་ཟད། དྲན་གསོའི་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་། དམངས་ཁྲོད་ཀྱི་ཞི་བདེའི་རྩ་འཛུགས། བདེ་འཇགས་ཇུས་འདོན་ཚོགས་པའི་འཐུས་མི། ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་གསུངས།
         ཞི་ཅིན་ཕིང་གིས་ཞི་བདེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རེ་སྒུག་ཆེན་པོ་དང་འདུན་པ་ཟབ་མོ་འཆང་བ་ཞིག་རེད། དེང་སྐབས་ཀྱི་འཛམ་གླིང་དུ་ཞི་བདེ་དང་འཕེལ་རྒྱས་དུས་རབས་ཀྱི་བརྗོད་དོན་གཙོ་བོར་གྱུར་མོད། འོན་ཀྱང་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་འཕྲད་པའི་འཇིགས་སྐུལ་ཉིན་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད་ལ། དམག་འཁྲུག་གི་འཇིགས་སྐུལ་གཡོལ་ཡང་གཡོལ་ཐབས་བྲལ་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་ཞི་བདེར་དགའ་ཞེན་དང་། ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་ནི་རིན་ཐང་ཆེན་པོ་ཡིན་པ་རྟོགས་ཀྱི་ཡོད་པས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་ནམ་ཡང་འཛམ་གླིང་གི་ཞི་བདེ་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་ཀྱི་ཡིན་ཞེས་གསུངས།
         ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཞི་བདེའི་དྲན་གསོའི་ཉིན་མོའི་བྱེད་སྒོ་གཏན་འཁེལ་བྱས་ཚུན། ཞི་བདེའི་འདུ་ཤེས་ཁྱབ་སྤེལ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་ལ་གཞོལ་རྒྱུ་དེ་ཕྱོགས་ཁག་གིས་བདེ་འཇགས་བཅོས་སྐྱོང་མཉམ་ལས་ལ་ཤུགས་སྣོན་དང་རྒྱལ་སྤྱིའི་ཞི་བདེའི་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་སྟེགས་བུ་གལ་ཆེན་ཞིག་ལ་གྱུར་ཡོད། འདི་ལོའི་དྲན་གསོའི་བྱེད་སྒོས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་ཡུན་རིང་ཞི་བདེ་དང་ཁྱོན་ཡོངས་བདེ་འཇགས་ཀྱི་འཛམ་གླིང་སྐྲུན་དགོས་པ”བརྗོད་དོན་གཙོ་བོར་བྱས་པས། རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་གཏན་འཁེལ་བྱེད་པའི་དམིགས་ཡུལ་དང་འཚམ་ལ། འཛམ་གླིང་རྒྱལ་ཁབ་ཁག་དང་། དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་ཡོད། དེར་བརྟེན། ཚང་མས་བློ་བསྡུས་དགེ་འཚོལ་དང་། ངོས་འཛིན་གཅིག་མཐུན། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་ཡོད། 2018ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་དྲན་གསོའི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།