མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་
གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

        འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་10ཚེས་15ཉིན་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་འདུའི་ཐོག 《དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་། ཚན་རྩལ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧུའུ་ཉིང་དང་ཧན་ཀྲེན་ཚོགས་འདུར་ཕེབས་ཡོད་པ་རེད།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་སྒྱུར་བཅོས་གསར་གཏོད། ལག་ལེན་འཚོལ་ཞིབ་ཧུར་ཐག་བཅས་བྱས་པར་བརྟེན་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 《དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དམག་དམངས་མཉམ་འདྲེས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་གཙོ་གནད་ཁྱབ་ཁོངས་ཕྱོགས་ཡོངས་སུ་ཁྲིམས་འཛུགས་མགྱོགས་མྱུར་མངོན་འགྱུར་བྱེད་དགོས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་བཟོ་བཅོས་དོར་འགྲེལ་རྣམ་བཞི་གལ་ཆེ་མཉམ་དུ་འཇོག་པ་དང་ལག་ལེན་གྱི་དགོས་མཁོ་དང་མི་འཚམ་པའི་ཁྲིམས་སྲོལ་ཡིག་ཆ་དུས་ཐོག་ཏུ་བཟོ་བཅོས་རྒྱག་པ་དང་མེད་པ་བཟོས་ཏེ་བཅའ་ཁྲིམས་ལམ་ལུགས་ཀྱི་གོ་ཆོད་རང་བཞིན་དང་། མཐུན་སྦྱོར་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་དགོས། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཅའ་ཁྲིམས་ཁྱབ་ཁོངས་ཁྲོད་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་བཟོ་བ། བྱ་བ་སྒྲུབ་པ་བཅས་འགན་ལེན་བྱེད་དགོས། ཞིབ་མཆན་གྱི་བྱ་བ་ཁུ་བསྡུ་བྱས་ཏེ་འཇུག་འཐུས་ཀྱི་ཐེམ་པ་དམའ་རུ་གཏོང་བ་དང་ལམ་ལུགས་རང་བཞིན་གྱི་མ་གནས་ཆུང་དུ་བཏང་སྟེ་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འདོན་སྤེལ་བྱེད་དགོས། ཁྲིམས་ལྟར་ཐབས་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐབས་ཇུས་ཚན་རིག་དང་མཐུན་པ་དང་། གོ་རིམ་གནས་འཁེལ། འགན་འཁྲི་ཁ་གསལ་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། འགན་ནུས་སྒྱུར་མགྱོགས་སུ་བཏང་ནས་འཇུག་འཐུས་ཐེམ་པ་དམའ་རུ་གཏོང་བ་དང་དངུལ་གཏོང་སྤྲོད་དང་། ཁྲལ་སློག་པ། འོས་ཐོབ་སྒྲུབ་གཉེར་སོགས་ཀྱི་བརྒྱུད་རིམ་བཟང་སྒྲིག་བྱེད་པ། ལམ་ལུགས་རང་བཞིན་གྱི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འདོན་སྤེལ་བྱེད་དགོས། སྤྱི་དམངས་ཞུགས་དགོས་པའི་དོན་ཚན་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་ཡོངས་བསྒྲགས་བྱེད་དགོས། དྲང་གཞག་གི་ཁོར་ཡུག་གཏོད་ནས་འགྲན་རྩོད་རང་བཞིན་གྱི་ཉོ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་གཞུང་ཁོངས་དམག་དོན་བཟོ་ལས་ཁེ་ལས་གོ་རིམ་ལྡན་པའི་སྒོ་ནས་སྒོ་མོ་འབྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་དམངས་གཉེར་ཁེ་ལས་འགྲན་རྩོད་ནང་ཞུགས་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། སྒྲིག་སྲོལ་དྲང་གཞག་གི་བླང་བྱ་གཞིར་བཟུང་མ་འཇོག་དང་། ཁྲལ་འབབ། ཚད་དཔྱད་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་སྲུང་སྐྱོང་བྱ་རྒྱུ་དེ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྲིམས་འཛུགས་དང་། ཐབས་ཇུས། ཁྲིམས་ལག་བསྟར། ཁྲིམས་འཛིན་བཅས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ཏེ་རིགས་ཁག་གི་བྱེད་པོའི་ཁྲིམས་མཐུན་དབང་ཆ་སྲུང་སྐྱོང་ནུས་ལྡན་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཐབ་ཇུས་རང་བཞིན་གྱི་འདུ་འགོད་གལ་ཆེན་ནི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། འགག་རྩའི་ལྟེ་བའི་ལག་རྩལ་ཚད་བརྒལ་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྙོག་འཛིང་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་འདུ་འགོད་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་ཀྱིས་མཉམ་དུ་འགག་སྒྲོལ་བྱས་ནས་སྔ་ཙམ་ཚད་བརྒལ་ཐུབ་པ་བྱེད་དགོས། རང་རྒྱལ་གྱི་ཐོན་སྐྱེད་ལག་རྩལ་དང་ཐོན་རྫས་གཞི་ཁྱོན་ཅན་སྤྱོད་ཚད་རྒྱ་ཆེར་གཏོང་བ་དང་། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཞིབ་བཟོ་མང་ཙམ་བྱེད་པ། སྤྱོད་པའི་ཁྲོད་རྒྱུན་ཆད་མེད་པར་གསར་འབྱེད་བཟང་སྒྲིག་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་གསར་གཏོད་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས། འདུ་འགོད་འཛུགས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་དང་བཀོད་སྒྲིག་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ཁྱོན་ཡོངས་ཀྱི་ནུས་པ་ལེགས་ཤོས་དང་ཕྱོགས་བསྡུས་ཕན་འབྲས་ཆེ་ཤོས་མངོན་འགྱུར་ཐུབ་པ་བྱེད་དགོས།
         ཚོགས་འདུའི་ཐོག ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་བྱ་གཞག་ཆེན་པོ་སྒྲུབ་པའི་ཆབ་སྲིད་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འབྲེལ་ཡོད་ཀྱི་ལས་གྲྭ་གལ་ཆེན་དང་། འཆར་གཞི་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་གཅིག་གྱུར་མཐུན་སྦྱོར། མཁོ་བའི་མི་རྒྱུ་དངུལ་སོགས་གསར་གཏོད་ཐོན་ཁུངས་གཅིག་གྱུར་སྐོང་འཐེན་བཅས་བྱས་ནས་ཁྱོན་ཡོངས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་ཁག་གིས“འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། གཟེར་འདེབས་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་སྤྱད་དཀའ་སྒྲུབ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་པ། ལས་ཀའི་སྒྲིག་གཞི་འཛུགས་སྐྱོང་མགྱོགས་སུ་བཏང་ནས་མགྱོགས་མྱུར་སྒྲིག་གཞི་དོན་ཐོག་ཏུ་འཁྱོལ་བ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། མི་སྣ་དོན་དུ་འཁྱོལ་བ་བཅས་བྱས་ཏེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། དཀའ་ཚེགས་ལ་གཏུགས་ཕོད་པ་བྱས་ཏེ་གསར་གཏོད་ཀྱི་ལག་ལེན་ལས་དོན་ཧུར་ཐག་སྒྲུབ་དགོས་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་འགན་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་བརྩིས་ནས་རང་རྟོགས་ངང་སྤྱི་ཡོངས་ཁྲོད་ཁ་ཕྱོགས་སྟངས་འཛིན་དང་། སྲིད་ཇུས་གཏན་འཁེལ། དོན་འཁྱོལ་ལ་དམ་འཛིན། རྙིང་དོར་གསར་འཛུགས་བྱེད་ཕོད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རྒྱུན་ཆད་མེད་པར་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་རྣམ་པ་གསར་པ་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
           ཚོགས་འདུའི་ཐོག་ད་དུང་དོན་གཞན་ལ་ཞིབ་འཇུག་བྱས་པ་རེད།
          ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུར་ཕེབས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།