མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<འགྲེམས་སྟོན་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་ལ་སྔར་བས་སྐུལ་
འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་>>པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཚན་བཀོད་ཆོག་མཆན་གནང་བ་བརྒྱུད་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<འགྲེམས་སྟོན་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་>>པར་འགྲེམས་བྱས་ཤིང་། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་སྟོན་ལས་རིགས་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་དང་ལས་འགན་གཙོ་བོར་ཁྱོན་ཡོངས་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་བཏོན་ཐེངས་དང་པོ་ཞིག་ཡིན་ལ། འགྲེམས་སྟོན་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་ཞིག་ཀྱང་རེད།
           བསམ་འཆར་ནང་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་འགྲེམས་སྟོན་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་དེང་རབས་ཁྲོམ་རའི་མ་ལག་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་སྐྲུན་པའི་སྟེགས་བུ་གལ་ཆེན་དུ་གྱུར་ཏེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཉིན་རེ་ལས་མ་འདས་པར་ནུས་པ་མངོན་གསལ་དོད་པོ་ཐོན་བཞིན་ཡོད། གཞན་ཡང་གྲུབ་ཆ་ལུགས་མཐུན་མེད་པ་དང་། སྲིད་ཇུས་འཐུས་ཚང་མེད་པ། རྒྱལ་སྤྱིའི་འགྲན་ནུས་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གསར་འབྱེད་གསར་གཏོད་བྱས་ནས་འགྲེམས་སྟོན་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད།
         བསམ་འཆར་ནང་ཕྱོགས་བཞིའི་ཐད་ཀྱི་བྱ་ཐབས་བླང་བྱ་བཏོན་ཡོད་པ་སྟེ། གཅིག་ནས་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱེད་དགོས་ཤིང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་མགྱོགས་སུ་བཏང་ནས་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ཏེ་སྤྱི་འདོམས་མཐུན་སྦྱོར་བྱེད་པ་དང་ལས་དོན་སྒྲུབ་རིང་དང་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགྲེམས་སྟོན་ལས་རིགས་ཁྲོམ་ར་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་རིམ་ཁག་སྲིད་གཞུང་གི་འགྲེམས་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་སྲིད་གཞུང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཞབས་ཞུ་ཉོ་ཤུགས་རིམ་བཞིན་ཆེ་རུ་གཏོང་དགོས་པ། བར་སྦྲེལ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལས་རིགས་ཀྱི་རང་སྡོམ་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་།
         གཉིས་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཆ་འཕྲིན་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། སྒྲིག་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། འགྲེམས་སྟོན་ཐོན་ལས་ཀྱི་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ལས་རིགས་ལྷན་སྦྱར་དང་། ཐོན་ལས་མཉམ་སྒུལ། འཁོར་རྒྱུག་ནུས་ཆེ་བཅས་ཀྱི་འགྲེམས་སྟོན་ལས་རིགས་ཀྱི་ཞབས་ཞུའི་མ་ལག་ཞིག་ཆགས་པ་བྱེད་དགོས་པ་དང་། འགྲེམས་སྟོན་ཁང་གི་དོ་དམ་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཡོངས་བསྒྲགས་ཁ་གསལ་དང་མཐོང་ཆུང་མིན་པའི་ངང་འགྲེམས་ཁང་སྤྱོད་པའི་སྒྲིག་ལམ་བཟོ་དགོས་པ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ལས་རིགས་རྩ་འཛུགས་དང་། ལས་རིགས་མཐུན་ཚོགས། འགྲེམས་སྟོན་ཁེ་ལས་སོགས་དབར་མཉམ་ལས་ལམ་སྲོལ་འཛུགས་དགོས་པ།
         གསུམ་ནས་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། ལས་རིགས་ཀྱི་ཚད་གཞིའི་མ་ལག་དང་ཡིད་རྟོན་མ་ལག་འཐུས་ཚང་དུ་བཏང་ནས་དབང་ཆར་བཙན་གནོད་དང་རྫུས་ལྷད་ཞན་གསུམ་ལ་རྡུང་རྡེག་གཏོང་དགོས་པ་དང་། འགྲེམས་ཚོགས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགྲེམས་ཚོགས་ཀྱི་ཤེས་བྱའི་ཐོན་དབང་གསར་གཏོད་དང་། བེད་སྤྱོད། སྲུང་སྐྱོབ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ།
         བཞི་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འགྲེམས་སྟོན་ལས་རིགས་ཀྱི་ཁྱབ་ཚུལ་ལེགས་སུ་བཏང་ནས་འཛམ་གླིང་དུ་ཤུགས་རྐྱེན་ལྡན་པའི་རྒྱལ་སྤྱིའི་འགྲེམས་སྟོན་གྲོང་ཁྱེར་དང་འགྲེམས་སྟོན་ཁང་ཁག་གཅིག་འཛུགས་སྐྲུན་དང་སྤུས་རྟགས་འགྲེམས་ཚོགས་ཁག་གཅིག་སྐྱེད་བསྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ནོར་ཁྲལ་སྲིད་ཇུས་དོན་འཁྱོལ་བྱས་ནས་དངུལ་རྩའི་འགན་བཅོལ་ཞབས་ཞུ་ལེགས་སུ་གཏོང་བ་དང་འགྲེམས་ཞུགས་འགྲེམས་གཉེར་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ལས་རིགས་ཀྱི་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དུ་བཏང་ནས་འགྲེམས་སྟོན་ལས་རིགས་ཀྱི་བསྡོམས་རྩིས་ཚད་གཞི་དང་ལྟ་ཞིབ་ཚད་ལེན་གྱི་དབྱེ་ཞིབ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། ཤེས་ལྡན་མི་སྣའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་མི་སྣའི་སྤྱི་ཡོངས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ་བཅས་རེད།
         བསམ་འཆར་ནང་ས་ཁུལ་དང་སྡེ་ཚན་ཁག་གིས་འགྲེམས་སྟོན་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ཏེ་རང་ངོས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་ཞིབ་བཟོ་བྱེད་པ་དང་སྲིད་ཇུས་ཀྱི་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།