མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་24ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་བསྟུན་ཟུར་བཤེར་ལམ་སྲོལ་ཁྱབ་གདལ་བཏང་ནས་བྱ་བ་སྒྲུབ་རིང་དང་བྱ་བ་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་གསར་གཏོད་བྱས་ཏེ་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་རྒྱུའི་གཏན་འབེབས་བྱས་པ་དང་། ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་བཏང་ནས་བདེ་འཇགས་དང་ལ་ཕན་འབྲས་ཆེ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུའི་བཀོད་སྒྲིག་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་འགན་བཅོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལུས་སྲོག་བདེ་ཐང་དེ་བས་ལེགས་པའི་སྒོ་ནས་སྲུང་རྒྱུའི་གཏན་འབེབས་བཅས་བྱས་པ་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། “ཞིང་གསུམ”ལས་དོན་དེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་གང་གི་དུས་སུའང་རྨང་གཞིའི་གནས་བབ་ཐོག་འཇོག་དགོས། འབྲུ་རིགས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོར་འཇོག་པ་དང་། སྤུས་ཀ་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་ལ་བརྩི་བ། རྒྱུན་མཐུད་འཕེལ་རྒྱས་དེ་ནང་དོན་གལ་ཆེན་ལ་བརྩི་བ། སྒྱུར་བཅོས་གསར་གཏོད་དེ་རྩ་བའི་སྒུལ་ཤུགས་སུ་བརྩི་བ། ཞིང་པའི་གནས་བབ་གཙོ་བོར་བརྩི་འཇོག་བྱ་རྒྱུ་དེ་གཞི་རྩའི་གཞི་འཛིན་སར་བཟུང་བ་བཅས་མཐའ་འཁྱོངས་བྱས་ནས་ཁ་གསབ་དང་རིན་གོང་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་དང་། ཐོན་སྐྱེད། ཐོན་ཁུངས་བེད་སྤྱོད་བཅས་ཀྱི་ཐབས་ཤེས་ཤུགས་ཆེན་སྒྱུར་དགོས། གཅིག་ནས་ཐོན་ཚད་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད་དང་ནུས་ལྡན་གྱི་ཆུ་འདྲེན་རྒྱ་ཁྱོན་ཆེ་རུ་གཏོང་བ་སོགས་བརྒྱུད་འབྲུ་རིགས་བདེ་འཇགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་བྱས་ནས་ཞིང་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། འདེབས་གསོ་ཟུང་འབྲེལ་གྱི་འཁོར་རྒྱུག་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ། ཞིང་ལས་ལོ་ཏོག་གཙོ་བོ་རེས་འདེབས་དང་། སྣོལ་འདེབས། སྤེལ་འདེབས་བཅས་བྱ་རྒྱུ་ཁྱབ་གདལ་གཏོང་བ། ཞོག་ཁོག་སོགས་བཟའ་བཅའ་གཙོ་བོ་ལས་སྣོན་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱེད་པ། རྩྭ་གཟན་འབྲོག་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་རྣམ་པ་སྣ་ཚོགས་ཀྱི་གཞི་ཁྱོན་འཚམ་པའི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གཉེར་སྐྱོང་གཙོ་གཟུགས་གསར་པ་སྐྱེད་སྲིང་བྱེད་པ། རྨོ་ཞིང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་དུད་ལ་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་འགན་གཙང་ས་ཞིང་རྒྱུན་འཁོར་བྱ་རྒྱུར་ཁྲིད་སྟོན་བྱེད་པ། གཞི་ཁྱོན་འདེབས་འཛུགས་ལས་རིགས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ། ཐོན་སྐྱེད་དང་། ལས་སྣོན། ཟོག་འགྲེམས། བྲིན་ཚོང་སོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིན་ཐང་གི་འབྲེལ་ཐག་རིང་དུ་གཏོང་བ་བཅས་བྱེད་དགོས་པ། གསུམ་ནས་ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། དེང་རབས་འདེབས་ལས་མཐོར་གཏོང་འདུ་འགོད་ལག་བསྟར་བྱེད་པ། ཞིང་ལས་འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཕྱོགས་བསྡུས་འགྲན་རྩོད་ནུས་པ་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ། བཞི་ནས་ཆུ་གྲོན་ཆུང་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཚད་གཞི་ཅན་གྱི་ཐོན་སྐྱེད་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། ཕྱུགས་བྱའི་བྲུན་དང་། སོག་མ། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་སོགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་དང་ཞིང་ལས་ཀྱི་འབུད་ས་མེད་པའི་གཏན་འཇགས་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་2020ལོར་སླེབས་སྐབས་རྫས་ལུད་དང་ཞིང་སྨན་བེད་སྤྱོད་བྱེད་ཚད་མི་འཕར་བའི་བརྩོན་ལེན་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་མཐོ་རུ་བཏང་ཐོག་གསོལ་ལྕོག་ཐོག་གི་བདེ་འཇགས་ཆེད་དུ་འབྱུང་རྩ་ནས་འགན་སྲུང་བྱེད་དགོས་པ་བཅས་རེད།
         ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་འགན་བཅོལ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྤྱི་ཚོགས་འགན་སྲུང་དང་ཚོང་ལས་འགན་བཅོལ་ཟུང་འབྲེལ་བྱ་རྒྱུ་ནི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་གསར་གཏོད་གལ་ཆེན་ཞིག་ཡིན། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། གཅིག་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩ་ནས་བསྡུར་གྲངས་ངེས་ཅན་ནམ་ཡང་ན་དངུལ་གྲངས་ངེས་ཅན་བཏོན་ཏེ་ནད་ཆེན་འགན་བཅོལ་མ་དངུལ་ལ་བརྩི་རྒྱུ་དང་། 2015ལོའི་ལོ་མཇུག་གོང་ནད་ཆེན་འགན་བཅོལ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚང་མར་ཁྱབ་པ། ནད་ཆེན་འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱིས་ཁུར་བའི་སྨན་བཅོས་གྲོན་དངུལ་ལ་འགན་སྲུང་བྱེད་པ། ད་ལོའི་གཏོང་སྤྲོད་ཀྱི་བསྡུར་ཚད་50%ཡན་ཟིན་པ། སླད་ཕྱིན་ད་དུང་རིམ་བཞིན་མཐོ་རུ་བཏང་ནས་ནད་ཆེན་ཕོག་མཁན་གྱི་སྨན་བཅོས་ཁུར་པོ་ནུས་ལྡན་ངང་ཡང་དུ་གཏོང་རྒྱུ་རེད། 2017ལོར་སླེབས་སྐབས་འཐུས་སྒོ་ཚང་ཙམ་གྱི་ནད་ཆེན་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་རེད། གཉིས་ནི་གཏོང་ཡོང་དོ་སྙོམས་དང་། མ་རྩ་འགན་ལེན་དང་། ཁེ་བཟང་ཕྲན་བུ་ཡོད་པའི་བླང་བྱར་གཞིགས་ནས་རྩ་དོན་ཐོག་སྲིད་གཞུང་གིས་འོས་སྐུལ་བྱས་ནས་ཚོང་ལས་འགན་བཅོལ་སྒྲིག་གཞིར་ནད་ཆེན་འགན་བཅོལ་སྒྲུབ་འགན་འཁུར་རྒྱུ་འདེམས་པ་དང་འགན་བཅོལ་འགྲོ་སོང་ཞིབ་རྩིས་ལོགས་སུ་བརྒྱབ་ནས་མ་དངུལ་བདེ་འཇགས་དང་གསབ་སྤྲོད་ནུས་པ་འགན་ལེན་བྱ་རྒྱུ་རེད། གསུམ་ནི་སྨན་བཅོས་རོགས་སྐྱོབ་སོགས་ཀྱིས་སྦྲེལ་མཐུད་དམ་ཟབ་བྱས་ནས་ནད་ཆེན་འགན་བཅོལ་གྱི་གཏོང་སྤྲོད་བྱས་རྗེས། རང་ཉིད་ཀྱིས་གཏོང་དགོས་པའི་འགྲོ་སོང་ལ་སྔར་བཞིན་དཀའ་ངལ་ཡོད་པའི་ནད་པ་ཡིན་ཕྱིན་སྨན་བཅོས་རོགས་སྐྱོབ་དང་དགེ་སྒྲུབ་རོགས་སྐྱོབ་སོགས་ཀྱིས་རོགས་རམ་བྱས་ནས་གཞི་འདེགས་མ་མཐའི་འགན་སྲུང་ནུས་པ་ཐུན་མོང་ཐོག་འདོན་སྤེལ་བྱས་ཐོག ཁྱིམ་ཚང་གི་གནོད་འཚེའི་རང་བཞིན་གྱི་སྨན་བཅོས་གཏོང་སྒོ་ནུས་ལྡན་ངང་འགོག་པ་དང་། སྤྱི་ཚོགས་ཀུན་སྤྱོད་ཀྱི་མ་མཐའི་མཚམས་ཐིག་ལས་བརྒལ་བའི་གནས་ཚུལ་ཐོན་རྒྱུར་དོགས་ཟོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་སྲུང་དྲང་གཞག་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།