མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2015ལོའི་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་8.4%འཕར་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ཀྱི་ཐོག་ནས་མངོན་པར། ཟླ་དང་པོ་ནས་བཅུ་གཉིས་པ་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་152217ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.4%འཕར་ཡོད། དེའི་ནང་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་69234ཟིན་པ་དེ་7.4%འཕར་བ་དང་ས་གནས་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་82983ཟིན་པ་དེ་9.4%འཕར་ཡོད་པ་རེད།
         གཏོང་སྒོའི་གནས་ཚུལ་ལ་གཞིགས་ན། ཟླ་དང་པོ་ནས་བཅུ་གཉིས་པ་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་175768ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་15.8%འཕར་ཡོད་པ་རེད། ཀྲུང་དབྱང་དང་ས་གནས་གཉིས་སུ་ཕྱེ་ནས་གཞིགས་ན། ཀྲུང་དབྱང་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་25549ཟིན་པ་དེ་13.2%འཕར་ཞིང་། ས་གནས་ནོར་སྲིད་ཀྱིས་ས་གནས་རིམ་པའི་ཡོང་འབབ་དང་། ཀྲུང་དབྱང་གི་ཁྲལ་འབབ་ཕྱིར་སློག གཏོང་སྤྲོད་སྤོ་སྒྱུར་མ་དངུལ་བཅས་སྤྱད་པ་དང་དེ་བཞིན་འཕྲོས་སྒྱུར་འཕྲོས་ལྷག་མ་དངུལ་སྤྱད་པ་སོགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་150219ཟིན་པ་དེ་16.3%འཕར་ཡོད་པ་རེད།
         ནོར་སྲིད་ཡོང་འབབ་འཕར་ཚུལ་མངོན་གསལ་དོད་པོས་འགོར་དུ་སོང་བའི་གནས་ཚུལ་འོག་གཙོ་གནད་གཏོང་སྒོ་ཁག་འགན་ལེན་ཡག་པོ་བྱུང་ཞིང་། ཟླ་དང་པོ་ནས་བཅུ་གཉིས་པ་བར་རིམ་རྩིས་བྱས་ན་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་26205ཟིན་པ་དེ་8.4%འཕར་བ་དང་། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་དུང་ཕྱུར་3067ཟིན་པ་དེ་9.3%འཕར་བ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་དུང་ཕྱུར་11916ཟིན་པ་དེ་17.1%འཕར་བ། སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་19001ཟིན་པ་དེ་16.9%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་15912ཟིན་པ་དེ་11.5%འཕར་བ། ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་དུང་ཕྱུར་17242ཟིན་པ་དེ་16.9%འཕར་བ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་སྒོར་དུང་ཕྱུར་4814ཟིན་པ་དེ་26.2%འཕར་བ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏོང་སྒོ་སྒོར་དུང་ཕྱུར་12347ཟིན་པ་དེ་17.7%འཕར་བ་བཅས་རེད།