མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུར་
རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར་《དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་གསར་སྤེལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་《མཛུབ་ཁྲིད་བསམ་འཆར་》བརྗོད་རྒྱུ)པར་འགྲེམས་བྱས་ནས་སླད་ཕྱིན་དུས་སྐབས་ཤིག་རིང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་གསར་སྤེལ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་བླང་བྱ་དང་། ལས་ཀའི་གཙོ་གནད། ལས་འགན་གཙོ་བོ། རྒྱབ་སྐྱོར་སྲིད་ཇུས་བཅས་བཏོན་ཡོད་པ་རེད།
         《མཛུབ་ཁྲིད་བསམ་འཆར་》ནང་བསྟན་དོན། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་གསར་སྤེལ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པར་རྟེན་གཞི་ཁུལ་རྙིང་པའི་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་དང་རྟེན་གཞི་ཁུལ་རྙིང་པའི་དབུལ་པོ་གཙོ་གནད་དུ་བཟུང་ནས་དམིགས་བསལ་ལྟ་སྟངས་འཛིན་པ་དང་གནད་སྨིན་ཐབས་ཇུས་ལག་ལེན་བསྟར་བའི་རྩ་དོན་ལྟར་གཙོ་གནད་ས་ཁོངས་དང་། གཙོ་གནད་མི་ཚོགས། གཙོ་གནད་ཁྱབ་ཁོངས་བཅས་ཚད་བརྒལ་ཡོང་གཞིར་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་བྱ་ཤུགས་ཆེ་རུ་བཏང་ཐོག་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས། 2020ལོར་སླེབས་སྐབས་རྟེན་གཞི་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བ་དང་ལྷག་པར་དུ་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱིས་སྟོབས་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་སྤྱིར་ན་མཚུངས་པ། རང་རྒྱལ་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཡོངས་རྫོགས་ཀྱི་དབུལ་པོའི་ཞྭ་མོ་འབུད་ཐུབ་པ། ས་ཁོངས་རང་བཞིན་སྤྱི་ཡོངས་ནས་དབུལ་སྒྲོལ་ཐུབ་པ་བཅས་བྱེད་དགོས།
         《མཛུབ་ཁྲིད་བསམ་འཆར་》ནང་རྟེན་གཞི་ཁུལ་རྙིང་པའི་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་གྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་དགོས། ཧུར་བརྩོན་ཆེ་ལ་གོ་རིམ་ལྡན་པའི་ངང་རྟེན་གཞི་ཁུལ་རྙིང་པའི་ལེགས་ཆའི་ཐོན་ཁུངས་གསར་སྤེལ་བྱས་ནས་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ཕན་ནུས་འདོན་སྤེལ་ཏན་ཏིག་བྱེད་དགོས། རྟེན་གཞི་ཁུལ་རྙིང་པའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ནུས་ལྡན་བྱས་ནས“རང་བརྟེན”ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་གིས་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་མཛེས་སྡུག་ལྡན་པའི་རྟེན་གཞི་ཁུལ་རྙིང་པ་ནུས་ལྡན་ངང་གཏོད་དགོས།
         རྟེན་གཞི་ཁུལ་རྙིང་པའི་དམངས་འཚོ་ལེགས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཆེས་ཆེར་གཏོང་དགོས། ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྟེན་གཞི་ཁུལ་རྙིང་པའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གནད་སྨིན་དབུལ་སྐྱོར་ལག་ལེན་གཏིང་ཟབ་བསྟར་ནས་རྟེན་གཞི་ཁུལ་རྙིང་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་གང་མགྱོགས་ཐུབ་པ་བྱེད་དགོས། སྒྲིག་གཞི་ལམ་སྲོལ་གསར་གཏོད་ཧུར་ཐག་གིས་རྟེན་གཞི་ཁུལ་རྙིང་པའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་མགྱོགས་སུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད། 《མཛུབ་ཁྲིད་བསམ་འཆར་》ནང་འཆར་འགོད་སྣེ་ཁྲིད་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ནས་ཆེ་རུ་གཏོང་བ་དང་། ས་ཞིང་སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་གསར་སྤེལ་དང་སྣོད་བཅུད་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གཟིགས་སྐྱོང་བྱ་ཡུལ་གྱི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་ཚད་གཞི་མཐོ་རུ་གཏོང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྤེལ་རེས་དང་ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་རྟེན་གཞི་ཁུལ་རྙིང་པ་གསར་སྤེལ་འཛུགས་སྐྲུན་དང་དབུལ་སྐྱོར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་ཁ་གསལ་དུ་བཏང་ཡོད་པ་རེད།