མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས།

      —— སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་ མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གཉིས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         “དར་ཆ་མཐོར་སྒྲེང་དང་། སྟོན་ཕྱོགས་ལ་སྣེ་ཁྲིད། ལྟེ་བར་དམིགས་པ། ཕྱོགས་ཡོངས་ལ་ཞབས་ཞུ། མི་དམངས་ལ་མཐུན་སྒྲིལ། ངར་ཤུགས་འཕེལ་བ། སྲོལ་དར་ཡར་སྐུལ། སེམས་སྒྲིལ་ནུས་འདུས། ནོར་འཁྲུལ་ཡོ་བསྲང་། ཡིན་མིན་གསལ་བཟོ། ཀྲུང་ཕྱི་སྦྲེལ་མཐུད། འཛམ་གླིང་དང་སྤེལ་རེས་བཅས་བྱེད་དགོས” ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་སྙིང་བསྡུས་ཀྱིས་བཏོན་གནང་བ་མ་ཟད། ད་དུང་འགན་འཁྲི་དང་ལས་འགན་དེ་ཁུར་ཐུབ་པ་བྱེད་དགོས་ན་ངེས་པར་དུ་ཆབ་སྲིད་ཁ་ཕྱོགས་ཨང་དང་པོར་བཞག་སྟེ་ཏང་གཤིས་རྩ་དོན་མཐའ་འཁྱོངས་བརྟན་པོར་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་མཐའ་འཁྱོངས་བརྟན་པོར་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བརྟན་པོར་བྱེད་དགོས། དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བརྟན་པོར་བྱེད་དགོས་ཞེས་ནན་གྱིས་གསུངས་ཡོད། གལ་འགངས་ཤིན་ཏུ་ཆེ་བའི་རྒྱས་བཤད་དེ་དག་ལས་དུས་རབས་གསར་པའི་ཆ་རྐྱེན་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི“འགན་འཁྲི་དང་ལས་འགན་སྨྲ་བ”ཞེས་པ་གྲུབ་ཡོད་ལ་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་འབད་ཕྱོགས་གསལ་འདོན་དང་རྩ་བའི་གཞིར་བཟུང་ས་མཁོ་འདོན་ཡང་བྱས་ཡོད།
         ཏང་གཤིས་རྩ་དོན་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་རྩ་བའི་རྩ་དོན་རེད། ཏང་གཤིས་རྩ་དོན་མཐའ་འཁྱོངས་བྱེད་པའི་ཆེས་རྩ་བ་ནི་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དེ་རེད། དུས་རབས་འཕེལ་རྒྱས་ཇི་འདྲ་བྱུང་ནའང་འདྲ་ཡང་ན་སྨྱན་སྦྱོར་ཆགས་སྟངས་འགྱུར་ལྡོག་ཇི་འདྲ་བྱུང་ནའང་འདྲ་གང་ལྟར་ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་ལ་འགྱུར་བ་གཏོང་མི་རུང་། ཏང་དང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྨྱན་སྦྱོར་གྱི་རུས་མིང་ལ་ངེས་པར་དུ་ཏང་ཞེས་འདོགས་དགོས་པ་དང་། ངེས་པར་དུ་མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་བསམ་འདུན་དང་འདོད་ཚུལ་མཚོན་པར་བྱེད་དགོས། ཏང་ལ་དགའ་ཞེན་དང་། ཏང་ལ་གཅེས་སྐྱོང་། ཏང་གི་ཆེད་དུ་བཅས་བྱེད་ཐུབ་པ་བྱེད་དགོས། ཏང་གཤིས་དང་མི་དམངས་རང་བཞིན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་དང་མི་དམངས་ཀྱི་མགྲིན་པ་ལྟ་བུར་འགྱུར་བ་བྱེད་དགོས། དེས་མ་ཚད་ད་དུང་ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་ཁྱོན་ཡོངས་ནས་ལག་བསྟར་ཐུབ་པར་བྱས་ཏེ་གསར་འགྱུར་ཆ་འཕྲིན་གྱི་ཞབས་ཞུ་དང་། སྨྱན་སྦྱོར་གྱི་ཁྱད་ཆོས་ལྡན་པ་དང་གླེང་ཕྱོགས་ཀྱི་ནུས་པ་ལྡན་པའི་བརྒྱུད་སྤེལ་སྟེགས་བུ་ཚང་མ་ཁྲིམས་ལུགས་ལྟར་དོ་དམ་བྱེད་པའི་ཁྱབ་ཁོངས་ནང་འཇུག་དགོས། དེ་ནི་རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་རེད།
         གསར་འགྱུར་གྱི་ལྟ་བ་ནི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བླ་སྲོག་ལྟ་བུ་རེད། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱིས་ངེས་པར་དུ་བསམ་པའི་མགོ་བོ་མཐོན་པོར་འདེགས་དགོས། “གལ་ཆེན་སྔོན་དུ་བཞག་ན་གལ་ཆུང་ཁ་ཕྱོགས་འཛོལ་མི་སྲིད”དེའི་ནང་གི“གལ་ཆེན”ཞེས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བར་བརྗོད་ཀྱི་ཡོད། གསར་འགྱུར་འཐབ་ཕྱོགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཆབས་ཅིག མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་དེ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་རྒྱ་མིག་ལྟ་བུར་བརྩིས་ནས་རྒྱ་ཆེའི་གསར་འགྱུར་ལས་དོན་པར་ཏང་གི་སྲིད་ཇུས་དང་འདོད་ཚུལ་བརྒྱུད་སྤེལ་བ་དང་། དུས་རབས་འཕོ་འགྱུར་གྱི་ཟིན་འགོད་པ། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ། འདྲ་མཉམ་དྲང་བདེན་གྱི་ལྟ་སྲུང་པ་བཅས་སུ་འགྱུར་རྒྱུའི་ཁྲིད་སྟོན་བྱེད་དགོས།
         “སྨྱུག་འཛིན་པ་ཞིག་ལ་ཆ་མཚོན་ན། རང་ཉིད་ཀྱི་ལྟ་སྟངས་མཚོན་པར་བྱེད་དགོས”གསར་འགྱུར་འཕྲིན་སྤེལ་ཅི་འདྲ་ཞིག་ཡིན་རུང་ཚང་མར་སྟོན་ཕྱོགས་ཡོད། གང་ཞིག་གཏོང་སྤེལ་བྱེད་པ་དང་། གང་ཞིག་གཏོང་སྤེལ་མི་བྱེད་པ། གང་འདྲ་བྱས་ནས་གཏོང་སྤེལ་བྱེད་པ་བཅས་ཚང་མའི་ནང་ལངས་ཕྱོགས་དང་། ལྟ་ཚུལ། རྣམ་འགྱུར་བཅས་འདུས་ཡོད། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་དེས་ཡང་དག་པའི་ལངས་ཕྱོགས་དང་། ལྟ་ཚུལ། རྣམ་འགྱུར་བཅས་བརྒྱུད་བསྒྲགས་བྱ་རྒྱུ་དེ་རང་འགན་དུ་བརྩིས་ནས་མི་རྣམས་ལ་འགྲིག་ནོར་དང་། ལེགས་ཉེས། བཟང་ངན། མཛེས་ཞན་བཅས་དབྱེ་བ་གསལ་པོ་འབྱེད་རྒྱུའི་ཁྲིད་སྟོན་བྱས་ནས་མི་རྣམས་ཀྱི་ཡར་བརྩོན་དང་བདེན་བརྩོན་གྱི་སེམས་ཤུགས་འཕེལ་བར་བྱེད་དགོས། ཏང་གི་ཚགས་པར་དང་། ཏང་གི་དུས་དེབ། བརྙན་འཕྲིན། རླུང་འཕྲིན་བཅས་ཀྱིས་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས་ལ། གྲོང་ཁྱེར་རིགས་ཀྱི་ཚགས་པར་དང་། དུས་དེབ། སྨྱན་སྦྱོར་གསར་པ་བཅས་ཀྱིས་ཀྱང་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས་པ་དང་། གསར་འགྱུར་འཕྲིན་སྤེལ་གྱིས་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས་ལ་དུས་དེབ་དང་། ཆེད་སྒྲིག་ལེ་ཚན། བརྡ་སྦྱོར་དྲིལ་བསྒྲགས་བཅས་ཀྱིས་ཀྱང་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས། སྐབས་དོན་ཆབ་སྲིད་གསར་འགྱུར་གྱིས་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས་ལ་སྤྲོ་སྐྱིད་རིགས་དང་སྤྱི་ཚོགས་རིགས་ཀྱི་གསར་འགྱུར་གྱིས་ཀྱང་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས། རྒྱལ་ནང་གསར་འགྱུར་འཕྲིན་སྤེལ་གྱིས་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས་ལ་རྒྱལ་སྤྱིའི་གསར་འགྱུར་འཕྲིན་སྤེལ་གྱིས་ཀྱང་སྟོན་ཕྱོགས་ལ་སྣང་ཆེན་བྱེད་དགོས། གསར་འགྱུར་གླེང་ཕྱོགས་ལས་དོན་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཚང་མས་ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་རང་རྟོགས་ངང་མཐའ་འཁྱོངས་བྱེད་དགོས།
         མཐུན་སྒྲིལ་བརྟན་ལྷིང་ལ་ཤུགས་བརྒྱབ་ནས་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཤིག་རེད། མཐུན་སྒྲིལ་བརྟན་ལྷིང་མེད་ཚེ་བྱ་བ་གང་ཡང་སྒྲུབ་མི་ཐུབ། ཕྱོགས་གཅིག་ནས་རང་རྒྱལ་སྤྱི་ཚོགས་ཀྱི་དྲང་ཕྱོགས་ཀྱི་བྱ་དངོས་ནི་གཙོ་བོ་དང་སྒྱིད་ལུག་དང་ལྡོག་ཕྱོགས་ཀྱི་བྱ་དངོས་ནི་ཕལ་པ་ཡིན། དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་ང་ཚོའི་སྤྱི་ཚོགས་ཀྱི་རྣམ་པ་ཇི་མ་ཇི་བཞིན་མངོན་པར་བྱེད་ཐུབ་ལ། སྤྱི་ཚོགས་ཀྱི་ཧུར་བརྩོན་ཡར་ཐོན་གྱི་ངོ་བོ་ཡང་མངོན་ཐུབ། ཕྱོགས་གཞན་ཞིག་ནས་ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་བཞིན་ཡོད། འཕྲད་པའི་འགྲན་སློང་དང་དཀའ་ངལ་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས་ངེས་པར་དུ་མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱེད་དགོས། གླེང་ཕྱོགས་ལྟ་སྐུལ་དང་དྲང་ཕྱོགས་དྲིལ་བསྒྲགས་གཉིས་ངོ་བོའི་ཐད་ཁ་གཏད་མིན་པར་གཅིག་གྱུར་ཡིན། སྐྱོན་སྟོན་ཡོ་བསྲང་དང་བཟང་བསྟོད་ངན་སྨད་བྱས་ཚེ་གཞི་ནས་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་པ་དང་ལས་དོན་སྤེལ་སྟངས་ལེགས་སུ་གཏོང་ཐུབ།
         ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཨང་དང་པོར་བཞག་ཚེ་གཞི་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་དེས་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་ཁུར་ཐུབ་པ་དང་། རྒྱ་ཆེའི་གསར་འགྱུར་ལས་དོན་པས་གཞི་ནས་འགྱུར་ལྡོག་ཆེ་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཆབ་སྲིད་ངེས་ཤུགས་རྒྱུན་འཁྱོངས་ཐུབ་པ་མ་ཟད། ད་དུང་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་གླེང་ཕྱོགས་ལ་བརྟེན་ནས་མིར་ཁྲིད་སྟོན་བྱེད་པ་དང་། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་བརྒྱུད་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ།