མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་ཞོག་ཁོག་ཐོན་ཟོག་གསར་སྤེལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་རང་རྒྱལ་གྱིས་ཞོག་ཁོག་ཐོན་ཟོག་གསར་སྤེལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་བཟའ་བཅའ་གཙོ་བོའི་ལས་སྣོན་ལ་འཚམ་པའི་ཞོག་ཁོག་གི་སྣ་ཁ་གསར་པ་བཅུ་ལྷག་ཙམ་འདེམས་སྒྲུག་བྱས་པ་མ་ཟད། མོག་མོག་དང་། ཐུག་པ། འབྲས་ཕྱེ་སོགས་སྲོལ་རྒྱུན་གྱི་ཟས་རིགས་གཙོ་བོར་ཞོག་ཁོག་ཕྱེ་མས་བཟུང་བའི་བསྡུར་ཚད་དེ་10%ནས་70%དང་། 45% 55%བཅས་སོ་སོར་མང་དུ་ཕྱིན་ཡོད།
     དེ་ནི་གསར་འགོད་པས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཚེས་25ཉིན་གཙོ་གཉེར་བྱས་པའི་ཞོག་ཁོག་ཐོན་ལས་གསར་སྤེལ་གྱི་མཐོ་རིམ་བགྲོ་གླེང་དང་གྲུབ་འབྲས་ཁྱབ་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གཉིས་ལྷག་ཙམ་རིང་ཞིང་ལས་པུས“འཚོ་བཅུད་ཐོག་ནས་འཛད་སྤྱོད་ལ་ཁྲིད་སྟོན་དང་འཛད་སྤྱོད་ལ་བརྟེན་ནས་ཐོན་སྐྱེད་ལ་ཁྲིད་སྟོན”གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཞོག་ཁོག་ཐོན་ཟོག་ཐོན་ལས་གསར་སྤེལ་ཧུར་ཐག་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཚན་ཞིབ་ཁེ་ལས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་བཟའ་བཅའ་གཙོ་བོའི་ཐོན་ཟོག་ཁག་གཅིག་གསར་སྤེལ་བྱས་པ་ལས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་སྒོ་རྩིས་ཚོང་ཁང་600ལ་ཞོག་ཁོག་མོག་མོག་འཚོང་གི་ཡོད། 2015ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དངུལ་སྒོར་དུང་ཕྱུར་གཅིག་བཀོད་སྒྲིག་བྱས་ཏེ་ཞོག་ཁོག་ཐོན་ཁུལ་དང་བཟའ་བཅའ་གཙོའི་ཐོན་ཟོག་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་པེ་ཅིང་དང་ཧོ་པེ་སོགས་ཞིང་ཆེན་(གྲོང་ཁྱེར)དགུ་རུ་ཞོག་ཁོག་གསར་སྤེལ་ཚོད་ལྟའི་ལས་དོན་སྤེལ་བ་མ་ཟད། དཔེ་སྟོན་ཁེ་ལས་ཁག་གཅིག་བཏོད་ནས་ས་ཁུལ་མི་འདྲ་བའི་འཛད་སྤྱོད་གོམས་གཤིས་དང་འཛད་སྤྱོད་མི་འདྲ་བའི་ཚོགས་སྤྱི་དང་མཐུན་པའི་ཞོག་ཁོག་གི་ཐོན་ཟོག་གསར་སྤེལ་བྱས་ཏེ་འཛད་སྤྱོད་པས་དང་ལེན་བྱེད་ཚད་མང་དུ་བཏང་ཡོད་པ་རེད།