མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀན་སུའུ་རུ་ཕྱོགས་གསུམ་པའི་དཔྱད་དཔོག་ཚོགས་ཆུང་དབུལ་སྒྲོལ་གྱི“དཔྱད་ཞིབ་ཆེ་མོའི”
བརྒྱུད་རིམ་ཧྲིལ་པོར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་པོའི་རྫོང་58དང་སྣོན་བསྲེས་རྣམ་པའི་དབུལ་པོའི་རྫོང་17ལ“དཔྱད་ཞིབ་ཆེ་མོ”བྱ་རྒྱུ་ཡིན་པ་རེད། འགོ་འཛུགས་ལ་ཉེ་བའི་རྫོང་དང་ཆུས་དེ་དག་གི་2015ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་གྱི་དཔྱད་ཞིབ་ཁྲོད་ཕྱོགས་གསུམ་པའི་དཔྱད་ཞིབ་ཚོགས་ཆུང་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས“གྲངས་གཞིའི་དབུལ་སྒྲོལ”སོགས་རྫུན་བཟོའི་གནད་དོན་སྔོན་འགོག་བྱ་རྒྱུ་རེད།
          གསར་འགོད་པར་ཀན་སུའུ་ཞིང་ཆེན་གྱིས་ཚེས་26ཉིན་གྱི་དགོང་མོ་འཚོགས་པའི་དབུལ་པོའི་རྫོང་གི་དཔྱད་ཞིབ་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་གྱིས་དབུལ་པོའི་རྫོང་ལ་དཔྱད་ཞིབ་བྱ་རྒྱུ་དེ་ནི་རྫོང་དང་ཆུས་ཀྱི་རང་སོ་སོའི་དཔྱད་ཞིབ་དང་། ཞིང་ཆེན་ཐད་གཏོགས་ཚན་པའི་ཚད་འབེབས་སྐར་རྒྱག དབུལ་སྒྲོལ་ཞིང་དུད་ཀྱི་གདེང་འཇོག དཔྱད་ཞིབ་ཚོགས་ཆུང་གི་དཔྱད་ཞིབ། ཕྱོགས་གསུམ་པའི་དཔྱད་དཔོག དཔྱད་ཞིབ་བྱས་འབྲས་ཞིབ་དཔྱད་གཏན་འཁེལ་སོགས་ལྷུ་ཚིགས་དྲུག་ལ་གཞིགས་ནས། ལག་བསྟར་བྱ་རྒྱུའི་ཁྲོད་མངོན་སྒྲུབ་དང་མང་ཚོགས་ཞུགས་པ་ཕུད། ལྷག་པར་དུ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་དེ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཏང་སྲིད་ལས་ཁུངས་མིན་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་དང་། གསར་འགྱུར་སྨྱན་སྦྱོར། སློབ་ཆེན་གྱི་ཚན་ཞིབ་ཁང་སོགས་གྲོང་གསེབ་དང་དབུལ་སྐྱོར་ལས་དོན་ལ་རྒྱུས་མངའ་ཡོད་མཁན་མི་སྣ་དང་དེ་བཞིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀན་སུའུ་བརྟག་ཞིབ་སྤྱི་ཁྱབ་རུ་ཁག་སོགས་ཚན་པ་ནས་མི་66ཟུར་འཐེན་བྱས་ཏེ་ཕྱོགས་གསུམ་པའི་དཔྱད་དཔོག་མི་སྣའི་མཛོད་བཙུགས་ནས་དཔྱད་ཞིབ་མ་བྱས་གོང་ཚོགས་ཆུང་བགོས་རྒྱུ་རེད།
         ཕྱོགས་གསུམ་པའི་དཔྱད་དཔོག་ཚོགས་ཆུང་གིས་ཀན་སུའུ་ཞིང་ཆེན་གྱི་རྫོང་དང་ཆུས་ཁག་གི་དབུལ་སྒྲོལ“དཔྱད་ཞིབ་ཆེ་མོའི”བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་དཔེ་འཐེན་བརྟག་དཔྱད་དང་ས་གནས་ས་ཐོག་ཏུ་དཔྱད་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་དཔྱད་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུ་རེད། དེས་དབུལ་སྒྲོལ་གྲོང་ཚོ་ནས་སྐབས་བསྟུན་གྱིས་དབུལ་པོའི་དུད་ཚང་ཟུར་འཐེན་བྱས་ཏེ་མང་ཚོགས་བློ་ཡིད་ཚིམས་ཚད་སྐར་གྲངས་དཔྱད་བསྡུར་བྱེད་པ་མ་ཟད། དབུལ་པོའི་མི་འབོར་གྱི་ཡོང་འབབ་དང་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་ལའང་དཔྱད་ཞིབ་བྱ་རྒྱུ་རེད།
        ཀན་སུའུ་ཞིང་ཆེན་གྱིས་ད་རེས་ཀྱི“དཔྱད་ཞིབ་ཆེ་མོ”བྱས་འབྲས་དེ་དབུལ་པོའི་རྫོང་གི་འགོ་ཁྲིད་ལས་བྱེད་པའི“དཔོན་ཞྭ”དང་འབྲེལ་བ་ཡོད་པ་ཁ་གསལ་བཏོན་ཅིང་། དེའི་ཁྲོད་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་པ་དང་མང་ཚོགས་ཀྱིས་བློ་ཡིད་ཚིམ་པོ་བྱེད་པའི་ལས་བྱེད་པ་གོ་གནས་སྤོར་བ་དང་དེར་མཐོང་ཆེན་བྱ་རྒྱུ་དང་ལས་དོན་ཏན་ཏིག་མི་སྒྲུབ་པ་དང་དཔྱད་ཞིབ་ཚད་མ་ལོན་པའི་ལས་བྱེད་པའི་འགན་འཁྲི་རྩད་གཅོད་དང་ལས་སྒྱུར་བྱ་རྒྱུ་ཡིན་པ་རེད།
        བསྡོམས་རྩིས་ལས་མངོན་གསལ། 2014ལོའི་ལོ་མཇུག་ཏུ་ཀན་སུའུ་ཞིང་ཆེན་དུ་དབུལ་པོའི་མི་འབོར་ཁྲི་417ཡོད་པ་དང་དབུལ་པོ་ཁེབས་ཁྱོན་19.8%ཟིན་ཡོད། ཀན་སུའུ་ཞིང་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི“གོམ་པ་གཉིས་བགྲོད”ཀྱི་དམིགས་ཚད་གཞིར་བཟུང་། 2015ལོ་ནས་2017ལོ་བར་དབུལ་པོ་མི་གྲངས་ཁྲི་300ཡན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་2020ལོར་སླེབས་སྐབས་དབུལ་པོའི་རྫོང་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།