མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀོང་ཤིས་ཀྱི་དུད་ཚང་དབུལ་པོའི་བུ་ཕྲུག་ལ་ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་
སློབ་གསོ་ལོངས་སྤྱོད་ཐུབ་རེ་ཡོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མི་རིགས་ཁག་གི་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་བྱ་ཆེད། ཀོང་ཤིས་ཀྱིས་སློབ་གསོའི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་བཏོན་ནས་དུད་ཚང་དབུལ་པོའི་བུ་ཕྲུག་གི་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་སློབ་ཡོན་མི་དགོས་པ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་དུས་མཚམས་ཀྱི་སློབ་ཡོན་ཙག་ཙིག་མི་དགོས་པའི་ཡིག་ཚགས་བཟོ་བ་དང་གཱ་འཛུགས་པའི་སྲིད་ཇུས་གཙོ་གནད་ཐོག་ལག་བསྟར་བྱས་ནས་ཡིག་ཚགས་བཟོས་པ་དང་གཱ་བཙུགས་པའི་དུད་ཚང་དབུལ་པོའི་བུ་ཕྲུག་ཚང་མར་ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་དེ་འདི་ལོའི་ཟླ་བ་དགུ་པའི་སྟོན་ཁའི་སློབ་དུས་འགོ་འཛུགས་དུས་ལག་བསྟར་ཐུབ་རེ་ཡོད་པ་རེད།
        ཀོང་ཤིས་ཀྱིས་ཇུས་གཞི་བཏིང་ཟིན་པ་དང་བུ་བཅོལ་ཁང་གི་རོགས་སྐྱོར་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་རོགས་སྐྱོར། རྫོང་རིམ་པའི་འབྲིང་རིམ་ཆེད་ཚན་སློབ་གྲྭའི་རོགས་སྐྱོར། སློབ་མའི་སྦྱངས་འབྲས་ཐད་རོགས་སྐྱོར། དགེ་རྒན་དཔུང་ཁག་གི་རོགས་སྐྱོར་སོགས“སློབ་གསོའི་རོགས་སྐྱོར་འཆར་གཞི་ཆེན་པོ་བརྒྱད”བཏོན་ནས་ཡིག་ཚགས་བཟོས་པ་དང་གཱ་བཙུགས་པའི་སློབ་མར་བརྒྱུད་རིམ་ཧྲིལ་པོའི་རོགས་སྐྱོར་དང་བརྒྱུད་རིམ་ཧྲིལ་པོའི་སློབ་ཡོན་ཐད་རོགས་སྐྱོར་བྱེད་པ་དང་ལས་ཞུགས་གང་ལེགས་ཐུབ་པ་བྱས་ནས་མི་རབས་ནས་མི་རབས་བར་དབུལ་པོར་འགྱུར་རྒྱུ་གཏན་འགོག་བྱ་རྒྱུ་རེད།
         རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་ཆིན་པིན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀོང་ཤིས་ཀྱིས་ས་གནས་དེ་གའི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཡུལ་གྱི་གཙོ་གནད་རྫོང་54ལ་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་550ཙམ་གནད་ལ་འཁེལ་པོས་གཏོང་རྒྱུ་ཡིན་པ་དེ་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་30%ཙམ་གྱིས་མཐོ་བ་ཡོད། མ་དངུལ་དེས་ས་ཁུལ་དབུལ་པོ་དེ་དག་གི་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱས་ནས“ཤེས་ལྡན་མི་སྣ་གཅིག་འཚར་ལོངས་ཡོང་བ་དང་སྦྲགས་ཁྱིམ་ཚང་གཅིག་དབུལ་སྒྲོལ་ཐུབ་པ་བྱེད་པའི”དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད་ཅེས་བརྗོད།
         2014ལོའི་སྟོན་ཁའི་སློབ་དུས་ནས་བཟུང་ཀོང་ཤིས་ཀྱིས་འབྲིང་རིམ་ལས་རིགས་སློབ་གྲྭ་ཚང་མར་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། དེ་གོང་གྲོང་གསེབ་ཀྱི་སློབ་མ་དང་དེ་བཞིན་ཞིང་ལས་ཆེད་ལས་དང་འབྲེལ་བའི་སློབ་མ་སོགས་འབྲིང་རིམ་ལས་རིགས་སློབ་གྲྭར་ཞུགས་པའི་སློབ་མ་ཁ་ཤས་ལ་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་རེད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་དེའང་འཕེལ་ཕྱོགས་སུ་གྱུར་ནས་ཉེ་བའི་ལོ་ཤས་རིང་ཀོང་ཤིས་སུ་དཔལ་འབྱོར་དར་རྒྱས་ཆེ་བའི་རྫོང་དང་མཐོ་རིམ་སློབ་འབྲིང་སློབ་མ་མང་པོ་མེད་པའི་རྫོང་སོགས་ཀྱིས་དེ་གར“མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཡོན་མི་དགོས་པའི”སྲིད་ཇུས་ལག་བསྟར་བྱས་པ་ཁྱབ་བསྒྲགས་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཀོང་ཤིས་སུ་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་སློབ་སྐྱོར་བྱེད་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ཁྱིམ་ཚང་དབུལ་པོའི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་པར་སྲིད་གཞུང་ལ་ཁ་གསབ་འདུན་ཞུ་བྱེད་ཆོག་གི་ཡོད་པ་རེད།