མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཐོག་གི་ཁྲིམས་འགལ་སྒྲིག་འགལ་གྱི་
བྱེད་སྤྱོད་ལ་མུ་མཐུད་རྡུང་རྡེག་ཚ་ནན་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། འདི་ལོའི་དཔྱིད་གསར་དུས་ཆེན་ནས་བཟུང་། རྒྱལ་ཁབ་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཐོག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་ཆགས་སྲེད་དང་། གཡོ་རྫུན་ཁ་བསླུས། དངུལ་ལེན་ནས“ཨང་ཀི་བཀག་རོགས་བྱེད་པ”སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་གཅིག་སྡུད་ཐོག་གཙང་སེལ་བྱས་ཏེ་བཟོ་ལས་དང་ཆ་འཕྲིན་ཅན་སོགས་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་ཚིགས་བརྒྱ་ལྷག་ཙམ་ཁྲིམས་ལྟར་མེད་པ་བཟོས་པ་དང་ཐག་གཅོད་བྱས་པའི་ཐོག་འབྲེལ་ཡོད་གྱོད་གཞིའི་ཁུངས་སྣེ་གལ་ཆེན་ཁྲིམས་འཛིན་ལས་ཁུངས་སུ་དུས་ཐོག་ཏུ་བསྐྱལ་ནས་འབྲེལ་ཡོད་དྲ་ཚིགས་ལ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་། འགྲིམ་འགྲུལ་དང་ཕྱི་འགྲོ། བཟའ་བཅའི་བདེ་འཇགས། སྤྱི་པའི་སྲིད་ཇུས་སོགས་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་2000ལྷག་ཙམ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་བླང་བྱ་བཏོན་པ་རེད། འབྲེལ་ཡོད་དྲ་ཚིགས་ཀྱིས་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱི་རྟགས་དང་སྤྱི་དམངས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་དྲ་རྒྱའི་སྐད་གྲགས་ཆེ་བའི་མི་སྣའི་སྤྱི་རྟགས་580ལྷག་ཙམ་མེད་པ་བཟོས་པའམ་ཡང་ན་ནང་དོན་གསར་པ་སྤེལ་དུ་མ་བཅུག་པ་རེད།
         རྒྱལ་ཁབ་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་གི་དྲ་ཚིགས་ནས་མངོན་དོན། དྲ་རྒྱའི་སྐད་གྲགས་ཆེ་བའི་མི་སྣ་ཉུང་ཤས་ཤིག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་སྣང་མེད་དུ་འཇོག་པ་དང་རང་ཉིད་ཀྱི་མིང་གྲགས་སྤྱད་དེ་དྲ་ཐོག་ཏུ་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་གཞི་རྩའི་རྩ་དོན་དང་། རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་འཚེ་བཟོ་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་འགྲེམས་བསྒྲགས་ཐེངས་མང་བྱས་པའི་བྱེད་སྤྱོད་ལ་དམིགས་ཏེ། འབྲེལ་ཡོད་དྲ་ཚིགས་ཁྲིམས་ལྟར་མེད་པ་བཟོས་ཡོད་པ་རེད།