མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲའོ་ལེ་ཅིས་ཀན་སུའུ་འབྲུག་ཆུར་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16དང་ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅིས་ཀན་སུའུ་འབྲུག་ཆུར་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐད་བརྟག་ཞིབ་གནང་སྐབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲའོ་ལེ་ཅི་འབྲུག་ཆུའི་རྫོང་གྲོང་རྙིང་པར་ཕེབས་ཏེ་རྗེས་དྲན་ཁང་གི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་ནས“8·8”ཆུ་ལོག་འདམ་རྡོའི་ཆུ་རུད་ཚབས་ཆེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་དྲན་གསོ་ཞུས་པ་རེད། ཀྲའོ་ལེ་ཅིས་ཏ་ཁྲེན་གྲོང་རྡལ་ཐོའུ་ཆའོ་གྲོང་ཚོ་དང་ཁྲེན་ཀོན་གྲོང་རྡལ་ཁྲོན་ཧྲ་གྲོང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཞིང་དུད་དུ་ཕེབས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ནས་དུད་ཚང་དབུལ་པོ་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་སྲ་ཞིང་བརྟན་་པའི་ཏང་ཀྲི་པུའུ་ཞིག་འཛུགས་སྐྱོང་བྱེད་པར་བསམ་བློ་ཡག་པ་དང་། སྤྱོད་ཚུལ་ལེགས་པ། འཇོན་ཐང་ཆེ་བ་བཅས་ཀྱི་སྣེ་འཁྲིད་མཁན་ཞིག་བྱུང་ན་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། ཏང་ཡོན་རྣམས་བསྡུ་རུབ་དང་། མང་ཚོགས་རྣམས་སྒྲིག་འཛུགས་ཐུབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་དོན་འཁྱོལ་ཐུབ་ངེས་རེད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་བརྒྱུད་རིམ་ནང་འགན་འཁྲི་འཁུར་ཕོད་པ་དང་། འགག་སྒྲོལ་དཀའ་སེལ། འབད་འབུངས་ཧུར་ལེན་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲའོ་ལེ་ཅིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་གནང་སྐབས་འབྲུག་ཆུའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་དང་། བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཡོངས་ཀྱི་དབུལ་ཞྭ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བཅས་བྱེད་དགོས་ལུགས་གསལ་སྟོན་བྱས་ཡོད་པས་དེ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་དེ་ཉིད་འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ་ཡིན་པའི་ངོས་ནས་འགན་འཁྲི་གཙོ་བོ་ལག་བསྟར་ཏན་ཏིག་བྱས་ཏེ་གོ་སྐབས་དམ་འཛིན་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་ཏན་ཏན་ཏིག་ཏིག་གི་འཆར་འགོད་དང་། ཇུས་གཞི། རྣམ་གྲངས། བྱ་སྤྱོད་བཅས་སུ་འགྱུར་བ་བྱས་ནས་མང་ཚོགས་སྣེ་ཁྲིད་ཀྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། སློབ་གསོ་ནི་དབུལ་པོ་བུ་རབས་ཚ་བརྒྱུད་འགོག་པའི་ཐབས་ཇུས་བཟང་པོ་ཞིག་ཡིན་པས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་གྲྭར་བསྐྱོད་པའི་གནད་དོན་ཐག་གཅོད་ཏན་ཏིག་དང་ལས་རིགས་ཀྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་ཡུལ་བབ་དང་བསྟུན་པའི་སྒོ་ནས་ལག་རྩལ་གསོ་སྦྱོང་དང་ངལ་ནུས་ཕྱིར་གཏོང་གི་རྩལ་ནུས་གསོ་སྦྱོང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།