མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་1374.55བཏང་ནས་དཀའ་ངལ་
ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་རོགས་སྐྱོབ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ས་གནས་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྔར་བས་རྒྱབ་སྐྱོར་བྱ་ཆེད། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་སླར་ཡང་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་524.75གཤམ་སྤྲོད་བྱས་ཡོད། མིག་སྔའི་བར་2016ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་སྔོན་རྩིས་བཀོད་སྒྲིག་བྱས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1374.55ཚང་མ་གཤམ་སྤྲོད་ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བསྙེན་བཀུར་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཀྲུང་དབྱང་ནོར་སྲིད་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བསྙེན་བཀུར་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་90.12བཀོད་སྒྲིག་བྱས་པ་རེད།
     འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ཐེངས་ཀྲུང་དབྱང་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་ཁྲོད་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བསྙེན་བཀུར། གནས་སྐབས་རོགས་སྐྱོབ་སོགས་བེད་སྤྱོད་གཏོང་ཡུལ་གསུམ་གྱི་ཁ་གསབ་རོགས་དངུལ་བསྡུ་སྒྲིལ་བྱས་ཏེ་ས་གནས་ཀྱིས་ཁ་གསབ་རོགས་དངུལ་གྱི་བསྡོམས་འབོར་ནས་གཅིག་འདོམས་བཀོལ་སྤྱོད་བྱས་ཐོག་སྤྱི་ཚོགས་རོགས་སྐྱོབ་མ་དངུལ་གཅིག་འདོམས་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་བ་རེད།
     ས་གནས་ཁག་གིས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་སྣུར་དུ་2016ལོའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་ལེན་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་12.4གཤམ་སྤྲོད་བྱས་པའི་རྨང་གཞིའི་ཐོག་སླར་ཡང་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་7གཤམ་སྤྲོད་བྱས་ཏེ་དྭ་ཕྲུག་དང་ཨེ་ཙིའི་ནད་ཕོག་པའི་བྱིས་པ་ཁྲི་50ལྷག་ཙམ་གྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱས་ཤིང་། མིག་སྔར་ཀྲུང་དབྱང་ནོར་སྲིད་ཀྱིས་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་དྭ་ཕྲུག་དང་ཨེ་ཙིའི་ནད་ཕོག་པའི་བྱིས་པར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་200དང་། སྒོར་300 སྒོར་400བཅས་ཡིན་པ་རེད།