མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ཚན་རྩལ་གསར་
གཏོད་འཆར་འགོད་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་འབྱུང་འགྱུར་ལོ་ལྔའི་རིང་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་མཛུབ་ཁྲིད་བསམ་བློ་དང་། སྤྱི་ཡོངས་ཀྱི་བླང་བྱ། འཐབ་ཇུས་ཀྱི་ལས་འགན། སྒྱུར་བཅོས་ཀྱི་བྱ་ཐབས་བཅས་གསལ་སྟོན་བྱས་ཡོད་པ་རེད།
     《འཆར་འགོད་》ནང་གསར་གཏོད་རྒྱུན་འཁྱོངས་བྱ་རྒྱུ་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན་པས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་འདེགས་སྐྱོར་བྱ་རྒྱུ་གཙོ་རྐང་དུ་བརྩིས་ཏེ་ཕྱོགས་ཡོངས་ནས་ཚན་རྩལ་སྒྲིག་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལྟེ་བར་བྱེད་པའི་ཕྱོགས་ཡོངས་ཀྱི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྔར་ཡོད་ཀྱི་ལེགས་ཆ་དེ་བས་མང་བ་འདོན་སྤེལ་བྱེད་པའི་སྣེ་ཁྲིད་རྣམ་པའི་འཕེལ་རྒྱས་ཡོང་བ་བྱེད་པ། དུས་བཀག་བཞིན་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་པའི་འགན་ལེན་བྱེད་པ་བཅས་བྱས་ནས་འཛམ་གླིང་ཚན་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
     《འཆར་འགོད་》ནང་འབྱུང་འགྱུར་ལོ་ལྔའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས“ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་ཀྱི་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ཡོད་པ་རེད། རྒྱལ་ཁབ་ཀྱི་ཚན་རྩལ་སྟོབས་ཤུགས་དང་གསར་གཏོད་བྱེད་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ནས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་གཏོད་བྱེད་ནུས་དེ་འཛམ་གླིང་གི་མིང་རིམ་ཨང་15པར་སླེབས་པ་དང་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་ཡོད་པ་རེད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2015ལོ་དང་བསྡུར་ན་ཚན་རྩལ་ཡར་རྒྱས་ཀྱིས་ལེགས་སྐྱེས་འབུལ་ཚད་55.3%ནས་60%བར་མཐོ་རུ་ཕྱིན་པ་དང་། ཤེས་བྱ་འདུས་ཚད་རྣམ་པའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཚད་རིན་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་གྱི་བསྡུར་ཚད་15.6%ནས་20%བར་མཐོ་རུ་ཕྱིན་ཡོད་པ་རེད། ཚན་རྩལ་གསར་གཏོད་བྱེད་ནུས་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་དང་། 《ཁེ་བེད་མཉམ་ལས་ཆིངས་ཡིག་》(PCT)གི་ཐབས་ལམ་བརྒྱུད་དེ་གོང་འབུལ་བྱས་པའི་ཁེ་བེད་རེ་ཞུ་བྱེད་ཚད་2015ལོ་ལས་ལྡབ་གཅིག་འཕར་ཡོད་པ་དང་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་2.5%ཟིན་ཡོད་པ་རེད།
     《འཆར་འགོད་》ནང་ཕན་ཆེ་མཐུན་སྦྱོར་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་སྐྲུན་པ་དང་འབྲེལ་གསོན་ཤུགས་ཀྱིས་ཁེངས་པའི་གསར་གཏོད་བྱེད་པོ་གསོ་སྦྱོང་བྱེད་པ་དང་། ཆུ་ཚད་མཐོ་བའི་གསར་གཏོད་རྟེན་གཞི་གོ་རིམ་བཞིན་བཀོད་སྒྲིག་བྱེད་པ། རྩེར་སོན་སྣེ་ཁྲིད་ཀྱི་གསར་གཏོད་འཕར་གཞི་གཏོད་པ། སྒོ་དབྱེ་མཐུན་སྦྱོར་གྱི་གསར་གཏོད་དྲ་རྒྱ་སྐྲུན་པ། དེང་རབས་གསར་གཏོད་ཀྱི་བཅོས་སྐྱོང་གྲུབ་ཆ་སྐྲུན་པ། གསར་གཏོད་སྣོད་བཅུད་ཡག་པོ་གཏོད་པ་སོགས་ཕྱོགས་དྲུག་གི་ཐད་སྤྱིའི་བླང་བྱ་བཏོན་ཡོད་པ་རེད། གསར་གཏོད་བྱེད་པོ་ཁག་ལ་མཐུན་སྦྱོར་སྐུལ་འདེད་ཧུར་ཐག་གཏོང་བ་དང་།གསར་གཏོད་ཀྱི་གཞི་རྒྱུ་འཁོར་སྐྱོད་ཡག་པོ་དང་ཕན་འབྲས་ཆེན་པོ་ཐོབ་པ་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གཞི་རྟེན་ཆགས་པ་བྱེད་པ། ལམ་ལུགས་བཀོད་སྒྲིག་དང་ཁོར་ཡུག་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
     《འཆར་འགོད་》ནང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་འདེགས་སྐྱོར་བྱ་རྒྱུར་དམིགས་ཏེ་ཐོན་ལས་ཆུ་ཚད་འབྲིང་སྟོད་དུ་སླེབས་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྣོན་པ། འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ལྟེ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་དྲུག་ཐད་ཀྱི་ལས་འགན་བཀོད་སྒྲིག་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས་པ་སྟེ། དེའང་གཅིག་ནས་རྒྱལ་ཁབ་ཀྱི་སྔར་ཡོད་ལེགས་ཆར་དམིགས་ནས་དེང་སྐབས་དང་ཕུགས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་ཐོག་མའི་གསར་གཏོད་བྱེད་ནུས་ལ་དམིགས་ཏེ་འཐབ་ཇུས་གལ་ཆེན་གྱི་གསར་གཏོད་སྟོབས་ཤུགས་སྐྱེད་སྲིང་བྱེད་དགོས་པ། གསུམ་ནས་གསར་གཏོད་ཀྱི་འཕེལ་རྒྱས་བར་མཐོངས་རྒྱ་ཆེར་གཏོང་རྒྱུར་དམིགས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་བྱེད་དགོས་པ། བཞི་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་དམིགས་ནས་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པ། ལྔ་ནས་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་ཚོད་འཛིན་བཟོ་བའི་ལམ་ལུགས་ཀྱི་འགལ་རྐྱེན་བསལ་ཏེ་ཕྱོགས་ཡོངས་ནས་ཚན་རྩལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ། དྲུག་ནས་གསར་གཏོད་ཀྱི་མང་ཚོགས་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ཏེ་ཚན་རིག་ཁྱབ་གདལ་དང་གསར་གཏོད་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།