མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་
པའི་སྤྱི་འདོམས་ལས་དོན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཤིང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པས་སྤྱི་འདོམས་བྱེད་པའི་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་དང་། འགན་བཅོལ་ནང་ཞུགས་སྟངས། འགན་བཅོལ་ནང་ཞུགས་པའི་དུས་ཚོད། མ་དངུལ་གྲབས་གསོག་གི་ཚད་གཞི་བཅས་སྔར་བས་གཏན་འཁེལ་ཁ་གསལ་བྱས་པ་དང་། སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་གཅིག་གྱུར་བཟོས་པ་མ་ཟད། ད་དུང་ཞིང་ཆེན་རིམ་པའི་སྤྱི་འདོམས་ལས་དོན་ལ་ཞིབ་ཕྲའི་བླང་བྱ་ཡང་བཏོན་ཡོད་པ་རེད།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ནང་ཞུགས་སྟངས་དང་དོ་དམ་བྱེད་སྟངས་གཏན་འཁེལ་ཁ་གསལ་བྱས་ཡོད་པ་སྟེ། འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་དང་གཅིག འགན་བཅོལ་ནང་ཞུགས་སྟངས་དང་གཉིས། འགན་བཅོལ་ནང་ཞུགས་པའི་དུས་ཚོད་དང་གསུམ་རེད།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་གཏན་འཁེལ་ཁ་གསལ་བྱས་པ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཆ་མཚོན་ན། མི་སྒེར་གྱིས་གྲོན་དངུལ་གཏོང་རྒྱུ་དང་། སྲིད་གཞུང་གིས་ཁ་གསབ་བྱ་རྒྱུ། སྤྱི་ཚོགས་ཕྱོགས་ཁག་གིས་མ་དངུལ་གྲབས་གསོག་བྱ་རྒྱུ་བཅས་ཕན་ཚུན་ཟུང་འབྲེལ་གྱི་མ་དངུལ་གྲབས་གསོག་ལམ་སྲོལ་ལག་ལེན་བསྟར་རྒྱུ་དང་། ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི་མི་སྒེར་གྱིས་གྲོན་དངུལ་གཏོང་རྒྱུ་དང་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་རྒྱུའི་ཚད་གཞི་ལག་ལེན་བསྟར་རྒྱུ། ཞིང་ཆེན་དང་གྲོང་ཁྱེར་(ཀྲོའུ)རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་དེ་8:2གཞིར་བཟུང་སྤྲོད་རྒྱུ་དང་མི་སྒེར་གྱིས་གྲོན་དངུལ་གཏོང་བའི་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་ཀྱི་མ་དངུལ་གྲབས་གསོག་གི་ཚད་གཞི་ཞིབ་ཕྲ་ཞིང་ཆེན་སྲིད་གཞུང་གིས་ལོ་གོང་མའི་ཟླ་8ཚེས་31ཉིན་གྱི་གོང་དུ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱས་ཡོད་པ་རེད།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཐོབ་ཐང་གཅིག་གྱུར་བཟོས་པ་སྟེ། ཕྲུ་གུ་དམར་འབྱར་དང་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང་དང་སློབ་གྲྭ་(ལག་རྩལ་སློབ་གྲྭ)ཡི་སློབ་མའི་སྨན་བཅོས་འགན་བཅོལ་སྲིད་ཇུས་གཅིག་གྱུར་བཟོས་པ་དང་། སྒོ་བསྟེན་སྨན་ཁང་དང་སྨན་ཁང་དུ་སྡོད་པའི་སྲིད་ཇུས་གཅིག་གྱུར་བཟོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བུ་བཙའི་གྲོན་དངུལ་གཏོང་སྤྲོད་སྲིད་ཇུས་གཏན་འཁེལ་ཁ་གསལ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་སྨན་བཅོས་ཞབས་ཞུ་དོ་དམ་བྱེད་སྟངས་གཅིག་གྱུར་བཟོས་ཤིང་། ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་དཀར་ཆག་ལག་ལེན་བསྟར་རྒྱུ་དང་། དམིགས་འཛུགས་སྨན་ཁང་དང་སྨན་རྫས་སྒྲིག་གཞིར་གཅིག་གྱུར་ཐོག་དོ་དམ་བྱ་རྒྱུ། དེ་བཞིན་རིམ་དབྱེའི་སྨན་བཅོས་ལམ་ལུགས་གཅིག་གྱུར་ཐོག་ལག་ལེན་བསྟར་རྒྱུ་དང་སྨན་བཅོས་གྲོན་དངུལ་ལ་ཚོད་འཛིན་བྱེད་ཐབས་ལག་ལེན་བསྟར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐེབས་རྩར་དོ་དམ་བྱེད་ཐབས་གཅིག་གྱུར་བཟོས་པ། གཉེར་སྒྲུབ་དང་ཞབས་ཞུ་གཅིག་གྱུར་བཟོས་ཤིང་། ཚོང་ལས་འགན་བཅོལ་སྒྲིག་གཞི་དང་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་སྡེ་ཚན་གྱི་འགན་འཁྲི་གཏན་འཁེལ་ཁ་གསལ་བྱས་པ། ཞིང་ཆེན་་ཡོངས་སུ་གཅིག་གྱུར་གྱི་ཆ་འཕྲིན་མ་ལག་འཛུགས་རྒྱུ་དང་འབྲེལ་ནད་ཆེན་འགན་བཅོལ་དང་སྤྱི་ཚོགས་སྨན་བཅོས་སྐྱོབ་རོགས་མ་ལག་གཉིས་ཕན་ཚུན་འབྲེལ་མཐུད་ཡོང་བ་བྱ་རྒྱུ་བཅས་རེད།