མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས་བཅུ་གཅིག་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་09ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལི་ཁེ་ཆང་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས་བཅུ་གཅིག་པར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་8ཉིན་གྱི་ཉིན་གུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཝན་ཐེན་གྱི་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས་བཅུ་གཅིག་པར་ཞུགས་པ་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུའི་འགོ་ཁྲིད་དང་། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཕིའོ་ཅིན་ཧུའེ། ཨ་མེ་རི་ཁའི་ཙུང་ཐུང་ཨའོ་པ་མ། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན། རྒྱ་གར་གྱི་ཙུང་ལི་མོ་ཏི། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐེ་ཨེན་པུར། ནེའུ་ཙི་ལན་གྱི་ཙུང་ལི་ཡུའེ་ཧན་•ཅི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝུན་བཅས་ཚོགས་འདུར་ཞུགས་པ་རེད། ལོ་སིའི་ཙུང་ལི་ཐུང་ལུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ལི་ཁེ་ཆང་གིས་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡོང་བར་གོ་སྐབས་ཧ་ཅང་ཆེན་པོ་འཕྲད་ཡོད་ལ། འགྲན་སློང་ཡང་མི་ཉུང་བ་ཐུག་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་འགྲན་སློང་རྣམས་གོ་སྐབས་སུ་བསྒྱུར་ཏེ་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་གོམ་སྟབས་བརྟན་པོའི་ངང་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡུན་རིང་ཡོང་བར་སྐུལ་སྤེལ་གཏོང་བར་སྟོབས་ཤུགས་ཕུལ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།