མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀན་སུའུ་ཡིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་འགན་བཅོལ་རྩིས་ཞུའི་
ཚད་གཞི་དམའ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ལྟ་བ་དང་སྨན་བཅོས་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་ནད་ཕོག་ནས་དབུལ་པོ་ཆགས་པ་དང་ནད་ཕོག་པའི་དབང་གིས་བསྐྱར་དུ་དབུལ་པོར་མི་འགྱུར་བ་བྱ་ཆེད། ཉེ་ཆར། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་《ཀན་སུའུ་ཞིང་ཆེན་གྱི་བདེ་ཐང་དབུལ་སྐྱོར་འདུ་འགོད་ལག་བསྟར་བྱེད་ཐབས་》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་ནད་ཆེན་དང་ནད་གཞི་ཧ་ཅང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་པ་དང་དུས་མཚུངས་ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་འགན་བཅོལ་རྩིས་ཞུའི་ཐོག་མར་སྤྲོད་པའི་ཚད་གཞི་དམའ་རུ་ཤུགས་ཆེན་བཏང་ནས་སྒོར་5000ནས་སྒོར་3000བར་གཅོག་རྒྱུའི་གཏན་འབེབས་ཁ་གསལ་བྱས་པ་རེད།
          《ཇུས་གཞིའི་》ནང་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་ནད་ཆེན་དང་ནད་གཞི་ཧ་ཅང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར་ཁྱབ་ཁོངས་ནང་བཅུག་ནས་མི་འབོར་དབུལ་པོའི་ནད་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་། ཀན་སུའུ་ཞིང་ཆེན་དེ་ཡོངས་ཀྱི་འགན་ཞུགས་མི་འབོར་དབུལ་པོ་(བུད་མེད་ཀྱི“སྐྲན་ནད་གཉིས”ཕོག་པའི་ནད་པ་ཚུད་པ)ནད་ཁང་དུ་བསྡད་པའི་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་གྲངས་5བར་མཐོ་རུ་གཏོང་རྒྱུ་དང་2016ལོ་ནས་བཟུང་མཁོ་བའི་མ་དངུལ་ཚང་མ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་གཅིག་གྱུར་ཐོག་སྤྲོད་རྒྱུ། གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་འགན་བཅོལ་རྩིས་ཞུའི་ཐོག་མར་སྤྲོད་པའི་ཚད་གཞི་སྒོར་5000ནས་3000བར་བཅག་ནས་དེའི་ནད་ཆེན་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་གྲངས་3ཡན་མཐོ་རུ་གཏོང་རྒྱུ་དང་དེར་མཁོ་བའི་མ་དངུལ་དེ་དག་དོན་དངོས་ལྟར་ཞིང་ཆེན་རིམ་པས་ནོར་སྲིད་ཀྱི་གསར་འཕར་གྲོན་འཇལ་ཁ་གསབ་ལེགས་སྒྲིག་བརྒྱུད་ཐག་གཅོད་བྱ་རྒྱུ་བཅས་གསལ་པོ་བཏོན་པ་རེད།
         གཞི་རིམ་གྱི་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། 《ཇུས་གཞིའི་》ནང་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་རྣམ་གྲངས་ལ་བརྟེན་ནས་ལོ་ལྟར་ས་ཁུལ་དབུལ་པོའི་ཤང་གྲོང་འཕྲོད་བསྟེན་ཁང་ལ་འཕྲོད་བསྟེན་ཆེད་ལས་ལག་རྩལ་པ་400ཡན་བཀོད་སྒྲིག་བྱེད་དགོས་པ་དང་། བྱེད་ཐབས་སྣ་ཚོགས་བརྒྱུད་ས་ཁུལ་དབུལ་པོའི་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་མཁོ་ཆོད་སྨན་པ་བཀོད་སྒྲིག་བྱ་རྒྱུའི་ནང་2017ལོའི་གོང་དུ་མཁོ་ཆོད་སྨན་པ་1000བཀོད་སྒྲིག་བྱས་ཏེ་ཤང་གྲོང་ཁག་གི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་(ས་ཚིགས)རེར་མཁོ་ཆོད་སྨན་པ་3ཡན་བཀོད་སྒྲིག་བྱ་རྒྱུ། 2018ལོ་ནས་2020ལོ་བར་སླར་ཡང་མཁོ་ཆོད་སྨན་པ་1000ཡན་བཀོད་སྒྲིག་བྱས་ཏེ་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་(ས་ཚིགས)རེར་ཆ་སྙོམས་མཁོ་ཆོད་སྨན་པ་5རེ་བཀོད་སྒྲིག་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་བཅས་ཀྱི་བླང་བྱ་བཏོན་པ་རེད།