མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་གསར་གཏོད་ཚོད་ལྟའི་ཁུལ་གྱིས་བྱ་སྤྱོད་སྔོན་ལ་སྤེལ་རྒྱུ་
དང་ཚོད་ལྟ་སྔོན་ལ་བྱ་རྒྱུའི་སྲིད་ཇུས་ཁག་བཅོ་ལྔ་བཏོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ད་ལྟ་གཉེར་བཞིན་པའི་2016ལོའི་པེ་ཅིང་CBDཚོང་ལས་དུས་ཆེན་ཐོག་ནས་ཤེས་རྟོགས་བྱུང་གསལ། རིག་གནས་ཐོན་ལས་ཀྱི་སྲིད་ཇུས་ཀྱི“ཚོད་ལྟའི་ཞིང”པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཀྱི་རྒྱལ་ཁབ་རིག་གནས་ཐོན་ལས་གསར་གཏོད་ཚོད་ལྟའི་ཁུལ་དུ་བྱ་སྤྱོད་སྔོན་ལ་སྤེལ་རྒྱུ་དང་ཚོད་ལྟ་སྔོན་ལ་བྱ་རྒྱུའི་ཐད་སྲིད་ཇུས་གསར་པ་ཁག་15གཅིག་སྡུད་ཐོག་བཏོན་ཏེ། རིག་གནས་གསར་གཏོད་ཐོན་ལས་སླར་ཡང་རིམ་སྤོར་ཡོང་རྒྱུར་རོགས་རམ་བྱས་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་གསར་པའི་ནང་སྤུས་རྟགས་མཐོར་གཏོང་དང་། ཡིད་རྟོན་མ་ལག རིག་གནས་ཚོང་དོན། རིག་གནས་འཛད་སྤྱོད། རིག་གནས་དཔྱ་ཁྲལ་ཁག་ཐེག ཁེ་ལས་ཨ་མ། རྩེར་སོན་གླིང་ཁུལ། ཉེན་འཇོག་བྱ་དགའ། ཁྲོམ་ཞུགས་དང་མ་རྩ་མཉམ་འདྲེས། སྐྱེད་སྲིང་གསར་གཏོད། ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས། རྩེར་སོན་ཤེས་ལྡན་མི་སྣ། ཞབས་ཞུའི་ལས་རིགས། ཤེས་བྱའི་བདག་དབང་། ཐོ་འགོད་ཞབས་ཞུ་སོགས་ཁྱབ་ཁོངས་ཁག་15ཚུད་ཡོད།
        རྒྱལ་ཁབ་རིག་གནས་ཐོན་ལས་གསར་གཏོད་ཚོད་ལྟའི་ཁུལ་པེ་ཅིང་ཁྲའོ་དབྱང་དུ་གཞི་ཚུགས་ཚུན། རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཧ་ཅང་འཚམ་པའི་ཐོན་ལས་སྣོད་བཅུད་ཁོར་ཡུག་བཏོད་ཡོད། 2015ལོར་རིག་གནས་ཐོན་ལས་གསར་གཏོད་ཚོད་ལྟའི་ཁུལ་གཞི་ཁྱོན་ཡན་གྱི་རིག་གནས་གསར་གཏོད་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1449.3བྱུང་ཞིང་། 2016ལོའི་ཟླ་8པའི་ཟླ་མཇུག་བར། རིག་གནས་ཐོན་ལས་གསར་གཏོད་ཁུལ་དུ་ཐོ་འགོད་དེབ་སྐྱེལ་བྱས་པའི་རིག་གནས་ཁེ་ལས་(ཚན་པ)30408ཡོད་པ་དང་། 2016ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་རིག་གནས་ཐོན་ལས་གསར་གཏོད་ཚོད་ལྟའི་ཁུལ་དུ་གསར་དུ་ཐོ་འགོད་བྱས་པའི་མ་དངུལ་སྒོར་ཁྲི་5000ཡན་ཟིན་པའི་རིག་གནས་གསར་གཏོད་ཁེ་ལས་237དང་མ་དངུལ་སྒོར་དུང་ཕྱུར་1ཡན་ཟིན་པའི་ཁེ་ལས་78ཡོད་པ་དེ་དག་གི་ཐོ་འགོད་མ་དངུལ་ཁྱོན་སྒོར་དུང་ཕྱུར་210.47ཟིན་ཡོད།