མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ནང་གི་བར་སྣང་ལྕགས་ལམ་མེ་འཁོར་དང་པོ་ནན་ཅིང་དུ་བཟོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 08:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། རང་རྒྱལ་གྱི་བར་སྣང་ལྕགས་ལམ་མེ་འཁོར་དང་པོ་དེ་ཀྲུང་གོ་འཁོར་རིགས་ནན་ཅིང་ཕུའུ་ཀྲེན་འཁོར་རིགས་ཚད་ཡོད་ཀུང་སིས་དངོས་སུ་སྐྲུན་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བར་སྣང་ལྕགས་ལམ་མེ་འཁོར་ཐོན་སྐྱེད་བྱས་པ་དེས་རང་རྒྱལ་འདི་ཉིད་འཇར་མན་དང་རི་པིན་རྗེས་ཀྱི་མེ་འཁོར་དེ་རིགས་བཟོ་མཁན་རྒྱལ་ཁབ་ཨང་གསུམ་པར་གྱུར་ཡོད།
         ཕུའུ་ཀྲེན་འཁོར་རིགས་ཀུང་སིའི་རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། བར་སྣང་ལྕགས་ལམ་མེ་འཁོར་ཞེས་པ་ནི་བར་མཐོངས་ཀྱི་ལྕགས་ལམ་བརྒྱུད་ནས་བསྐྱོད་པའི་ལྕགས་ལམ་འཁོར་རིགས་ཤིག་ཡིན། དེ་ནི་འགེལ་བྱེད་ཀྱིས་ལྕགས་ལམ་གཟུང་བ་ཞིག་ཡིན་པར་ལྕགས་ལམ་གྱི་ཁ་ཞེང་ལ་སྨི་0.75དང་ས་ངོས་ནས་མཐོ་ཚད་སྨི་9ཡོད་པས་གྲོང་ཁྱེར་སྔོ་ཁེབས་སྟེང་དུ་བཟོ་ཆོག་ལ་འོག་ཏུ་རླངས་འཁོར་འགྲུལ་བཞུད་བྱ་རྒྱུར་སྐྱོན་བྱེད་ཀྱི་མེད། མེ་འཁོར་ཧྲིལ་པོའི་ལྗིད་ཚད་ལ་ཏུན་22ཟིན་པ་དང་མང་ཤོས་ལ་འགྲུལ་པ་230ཙམ་ཤོང་བ་དང་གསོག་བྱེད་གློག་རྫས་ནས་གློག་བཏང་རྗེས་ཆུ་ཚོད་4ཙམ་འཁྱོལ་བ་དང་ཆུ་ཚོད་རེར་སྤྱི་ལེ་65རྒྱུག་ཐུབ་པས་ས་འོག་ལྕགས་ལམ་མེ་འཁོར་དང་འདྲ་པོ་ཡོད་ཅེས་ངོ་སྤྲོད་བྱས།
         རིགས་གཅིག་མཁས་པས། ས་འོག་ལྕགས་ལམ་མེ་འཁོར་དང་ལྕགས་ལམ་གློག་སྒུལ་དང་བསྡུར་ཚེ། བར་སྣང་ལྕགས་ལམ་མེ་འཁོར་མ་གནས་ཅུང་དམའ་བ་ཡོད་ནའང་། གྱེན་ལ་འཛེག་པ་དང་ཁ་ལོ་སྒྱུར་བར་ལེགས་ཆ་མངོན་གསལ་ལྡན་པས། རི་ཁུལ་དང་མཛེས་ལྗོངས་ཁུལ་སོགས་ས་གཤིས་རྙོག་འཛིང་ཆེ་སར་གཏོང་རྒྱུར་འཚམ་པོ་ཡོད། ད་རེས་ཀྱི་བར་སྣང་ལྕགས་ལམ་མེ་འཁོར་དང་པོ་དེ་བཟོས་རྗེས་ད་དུང་ས་ཆ་དངོས་སུ་ལག་རྩལ་ཁག་གི་ཚོད་ལྟ་བྱས་ནས་སང་ལོར་རྒྱལ་ནང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྔོན་ལ་ཚོད་ལྟའི་ངང་གཏོང་ཐུབ་རེ་ཡོད་ཅེས་བཤད།