མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་2ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན་ཀྲེན་ཀྲོའུ་ནས་ཞུས་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་ཚུན་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་2ལས་བརྒལ་བ་རེད།
         ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་འོག་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། མིག་སྔར་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དང་ལྕགས་ལམ་གཞན་ལས་མཉམ་དུ་གྲུབ་པའི་མྱུར་བགྲོད་འགྲུལ་སྐྱེལ་དྲ་བ་སྤྱི་ལེ་ཁྲི་4ཡན་ཟིན་པ་དང་འབྲི་ཆུའི་འགག་གསུམ་གླིང་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་སོགས་ཀྱི་གྲོང་ཁྱེར་ཚོགས་ལ་ཆུ་ཚོད་1ནས་3བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འཚོ་བའི་ཁུལ་གྲུབ་པ། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་ལྟེ་གནས་སུ་བྱས་ནས་མཐའ་འཁོར་ས་ཁོངས་སུ་ཆུ་ཚོད་5ཡི་ཡུལ་སྐོར་ཁུལ་གྲུབ་ཡོད། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་གཉེར་སྐྱོང་གི་གཞི་ཁྱོན་ཆེ་ཤོས་དང་། ལག་རྩལ་ཆ་ཚང་ཤོས། དོ་དམ་ཉམས་མྱོང་ཕུན་སུམ་ཚོགས་ཤོས་བཅས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།
         ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་སྤྱོད་འགོ་ཚུགས་ཚུན་འགྲུལ་པ་དབོར་ཚད་ཆེས་ཆེར་འཕར་བ་དང་འགྲུལ་སྐྱེལ་ཁྲོམ་རའི་བགོ་སྐལ་ཡང་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ད་ལོའི་ཟླ་7ཚེས་11ཉིན་ཀྲུང་གོའི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་གྱིས་རིམ་རྩིས་བྱས་ན་བདེ་འཇགས་ངང་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་50ཚད་བརྒལ་བྱུང་བ་དང་། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ཞབས་ཞུའི་སྤུས་ཚད་ཀྱང་རྒྱུན་མི་ཆད་པར་ལེགས་སུ་ཕྱིན་ཡོད། སྤ་སེ་ཕྱིར་ཚོང་གི་ཐད་ནས་2015ལོར་དྲ་སྦྲེལ་བརྒྱུད་ནས་སྤ་སེ་བཙོང་ཚད་42%ཟིན་ཡོད། སྐྱེལ་འདྲེན་སྒྲིག་འཛུགས་ཀྱི་ཐད་ནས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་སོང་བ་དང་། 2011ལོ་ནས་2016ལོའི་ཟླ་8པ་བར་ཤུགས་འགྲེམས་མེ་འཁོར་བདག་ཚད་848ནས་2503བར་མང་དུ་ཕྱིན་ཡོད་པ་རེད།
         ད་ལོར་གསར་དུ་ལེགས་སྒྲིག་བྱས་པའི་《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་》གཞིར་བཟུང་2020ལོར་སླེབས་སྐབས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་གཞི་ཁྱོན་དེ་སྤྱི་ལེ་ཁྲི་3ཟིན་རྒྱུ་དང་། 2025ལོར་སླེབས་སྐབས་སྤྱི་ལེ་ཁྲི་3.8ཙམ་ཟིན་རྒྱུ། ཕྱིས་སུ་སྤྱི་ལེ་ཁྲི་4.5ཙམ་ཟིན་རྒྱུ་བཅས་རེད། སྐབས་དེར་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱིས་གྲོང་ཁྱེར་ཚོགས་གཙོ་བོར་སྦྲེལ་ནས་སྤྱིར་ཞིང་ཆེན་གནས་ཡུལ་གྲོང་ཁྱེར་དང་མི་འབོར་ཁྲི་50ཡན་གྱི་གྲོང་ཁྱེར་ཆེ་འབྲིང་བར་སྦྲེལ་རྒྱུ་མ་ཟད། གྲོང་ཁྱེར་ཆེ་གྲས་ལྟེ་བར་བྱས་ནས་རྒྱལ་ཡོངས་ལ་ཁྱབ་པ་དང་ཞིང་ཆེན་གནས་ཡུལ་གྱི་གྲོང་ཁྱེར་རྟེན་སར་བྱས་ཏེ་ཉེ་འཁོར་ལ་ཁྱབ་པའི་མྱུར་བགྲོད་ལྕགས་ལམ་འགྲུབ་རྒྱུ་དང་། ཉེ་འཁོར་གྲོང་ཁྱེར་ཆེ་གྲས་དབར་ཆུ་ཚོད་1ནས་4བར་གྱི་འགྲིམ་འགྲུལ་ཁུལ་དང་གྲོང་ཁྱེར་ཚོགས་ནང་ཆུ་ཚོད་0.5ནས་2བར་གྱི་འགྲིམ་འགྲུལ་ཁུལ་འགྲུབ་རྒྱུ་རེད།