མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་གྱི་བརྗོད་བྱ་གཙོ་བོའི་བཞུགས་
མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་གྱི་བརྗོད་བྱ་གཙོ་བོའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་སྐབས་71པའི་ཀྲུའུ་ཞི་ཐང་མུའུ་སེན་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་ཕེབས་ཡོད་པ་རེད།
         ལི་ཁེ་ཆང་གིས་ལོ་གཅིག་གོང་དུ་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་དབུ་ཚོགས་ཐོག་《ང་ཚོའི་འཛམ་གླིང་འཕོ་འགྱུར་བྱེད—2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་》ལ་གྲོས་འཆམ་བྱུང་བ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་དང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་གྲོས་རིམ་ལ་སྐུལ་འདེད་གཏོང་བའི་བསམ་འདུན་དང་ཆོད་སེམས་མཚོན་པར་གནང་བ་རེད། རིང་མིན་གོང་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐོག་ཏུའང་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱ་རྒྱུར་དམ་བཅའ་ཡང་བཞག་པ་རེད། རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རིགས་ཁག་གི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ཇུས་ཡིན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་དཀའ་བ་དང་། དཀའ་ངལ་དང་ཉེན་ཁ་མང་དུ་འགྲོ་བའི་ད་ཆ་གྲོས་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེར་དངོས་ཡོད་དང་ཕུགས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་དབུལ་པོ་དང་བཀྲེས་ལྟོགས་སོགས་མི་ཐོན་པ་བྱ་རྒྱུའི་དམིགས་ཚད་དེ་ལས་འགན་ཨང་དང་པོར་འཛིན་པ་དང་། དཔལ་འབྱོར་ཤུགས་ཆེན་དང་། རྒྱུན་སྲིང་། དོ་སྙོམས། བསྟུན་མཁས་བཅས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་འདེགས་སྐྱོར་དུ་བརྩིས་ནས་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཁྱབ་ཁོངས་ཆེན་པོ་གསུམ་དུ་འཁོར་རྒྱུག་བཟང་པོ་ཆགས་པ་བྱས་ཐོག་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཡར་ཐོན། ཁོར་ཡུག་མཛེས་སྡུག་ལྡན་པ་བཅས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་ཞེས་བསྟན་གནང་བ་རེད།
         ལི་ཁེ་ཆང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་རྒྱུན་སྲིང་འཕེལ་རྒྱས་ཐད་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བདེན་འཛིན་འགན་འཁྲི་ཞིག་ཡིན་པ་མ་ཟད། དེས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆུ་ཚད་ཀྱང་ཆེས་ཆེར་འཕར་རྒྱུ་རེད། ལྷོ་བྱང་མཉམ་ལས་ཀྱི་ཐབས་ལམ་གཙོ་བོའི་གནས་བབ་མཐའ་འཁྱོངས་བྱེད་པར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རོགས་སྐྱོར་དམ་བཅའ་དོན་འཁྱོལ་བྱེད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ངོས་ཀྱི་རྒྱལ་ཁབ་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཉམ་འབྲེལ་ངང་རང་སྟོབས་ཆེ་རུ་འགྲོ་ཐབས་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་གི་མི་འབོར་མང་ཤོས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་མི་འབོར་དུང་ཕྱུར་13དེ་དག་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་དམིགས་ཡུལ་ཡིན། འདས་ཟིན་པའི་ལོ་བཅོ་ལྔའི་ནང་ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་ལ་ཚད་མཐོའི་མཐོང་ཆེན་དང་སྔོན་སྣེ་ཁྲིད་ནས་མངོན་འགྱུར་བྱས་པར་དབུལ་པོ་ཉུང་གཏོང་དང་། འཕྲོད་བསྟེན། སློབ་གསོ་སོགས་ཁྱབ་ཁོངས་སུ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་ཡོད། མི་འབོར་དུང་ཕྱུར་4ལྷག་ཙམ་དབུལ་སྒྲོལ་ཐུབ་པ་དང་། ལོ་ལྔ་མན་གྱི་བྱིས་པ་ཤི་ཚད་2/3ཉུང་དུ་ཕྱིན་པ། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་ཤི་ཚད་3/4ཉུང་དུ་ཕྱིན་པ་བཅས་ལས་འཛམ་གླིང་ཐོག་གི་རྒན་གསོ་དང་སྨན་བཅོས་ཀྱི་སྤྱི་ཚོགས་འགན་ལེན་དྲ་བ་ཆེ་ཤོས་བཏོད་ཡོད། འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་གོས་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ལས་དོན་སྤེལ་འགོ་བཙུགས་པ་དང་《ཀྲུང་གོའི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་གྱི་རྒྱལ་ཁབ་ཀྱི་ཇུས་གཞི་》ཆོག་མཆན་སྤྲད་པ་དང་འབྲེལ་ཡོངས་བསྒྲགས་བྱས་ཏེ་ཀྲུང་གོས་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། འགན་འཁྲི་ཁུར་ཐུབ་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་གི་ངོས་ནས་འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ཏེ་ལྷོ་ལྷོ་མཉམ་ལས་ནང་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཉམས་མྱོང་དང་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སྤྱོད་བྱས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཕན་ཅི་ཝུན་དང་ཐང་མུའུ་སེན་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་ཧྲུའུ་ཀྲང་ཁེ་ལ་ཁེ་དང་། ཁོར་ཡུག་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་སུའོར་ཧའེ་མུའུ། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཀེ་ལ་ཆི་ཡ་ནུའོ། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་པོ་ཁོ་ཝ་བཅས་དང་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་ཝེ་ཏུའོ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལ་ཅ་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཁྲེན་ཕུང་ཕུའུ་ཀྲེན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ཚོགས་ཞུགས་མི་སྣས་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱས་ནས་ལོ་གཅིག་སོང་ཚུན་འཕེལ་རྒྱས་ཡག་པོ་བྱུང་ཡོད། ཀྲུང་གོས་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་དང་། དབུལ་པོ་སེལ་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ལྷོ་ལྷོ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་སྣེ་ཁྲིད་དང་གསར་གཏོད་ནུས་པ་བཏོན་པ་དང་ལྷག་པར་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་ནང་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀྲུང་གོས་རྒྱུན་སྲིང་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དེ་སྲིད་ཇུས་ཀྱི་བསྒྲགས་གཏམ་ཐད་ནས་མཚོན་པ་མ་ཟད། དེ་བས་ཀྱང་བྱ་སྤྱོད་ཐོག་ནས་དོན་འཁྱོལ་བྱས་ཡོད་ཅེས་གསུངས་པ་རེད།