མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དམར་འབྱར་དང་ཕྲུ་གུ་མགོ་སྐོར་བཏང་ནས་ཁྲིད་པ་
ནི“དམར་འབྱར་དང་ཕྲུ་གུ་བརྐུས་པའི”ཉེས་པ་བསགས་པ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཁྱབ་བསྒྲགས་བྱས་པའི་《བུད་མེད་དང་བྱིས་པ་བསླུ་བྲིད་བྱས་ནས་བཙོངས་པའི་ཉེས་གསོག་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ཀྱི་ཞིབ་ཕྲའི་ཁྲིམས་སྤྱོད་པའི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད་》2017ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
       འགྲེལ་བཤད་ནང་། དམར་འབྱར་དང་བྱིས་པར་མགོ་སྐོར་བསླུ་བྲིད་སོགས་ཀྱི་ཐབས་ངན་ལ་བརྟེན་ནས་ལྟ་སྐྱོང་མཁན་ནམ་ཡང་ན་ལྟ་མཁན་ས་ནས་ཁྲིད་རིགས་ལ་ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་བཞི་བཅུའི་ནང་གསེས་དང་པོའི་རྣམ་གྲངས་དྲུག་པའི་ནང་གཏན་ལ་ཕབ་པའི“དམར་འབྱར་དང་ཕྲུ་གུ་བརྐུས་པར”བརྩི་རྒྱུ་ཡིན། སྨན་བཅོས་སྒྲིག་གཞི་དང་། སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་སོགས་ཚན་པའི་ལས་དོན་པས་ཁྲིམས་འགལ་ངང་ཁེ་སྤོགས་ལ་བསམས་ནས་སྨན་བཅོས་དང་། ལྟ་སྐྱོང་། གསོ་ཉར་བྱེད་བཞིན་པའི་ཕྲུ་གུ་གཞན་ལ་བཙོངས་རིགས་བྱིས་པ་བསླུ་བྲིད་བྱས་ནས་བཙོངས་པའི་ཉེས་པར་བརྩིས་ནས་ཆད་པ་གཅོད་རྒྱུ། གཉེན་སྒྲིག་ངོ་སྤྲོད་བྱ་རྒྱུར་ཁ་གཡར་ནས་ཁྲིམས་འགལ་ངང་ཐོབ་ཐང་ལག་ཁྱེར་བཙན་ཉར་དང་། མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་པའམ་ཡང་ན་བུད་མེད་དག་ས་ཆར་ཆ་རྒྱུས་མེད་པ་དང་། སྐད་བརྡ་མི་འཕྲོད་པ། གྲོགས་མེད་ཁེར་རྐྱང་སོགས་ཀྱི་གནས་སྟངས་ལ་གྱར་བ་ལ་བརྟེན་ནས་འདོད་པ་མེད་པར་གཞན་ལ་བཙོངས་རིགས་ལ་བུད་མེད་བསླུ་བྲིད་བྱས་ནས་བཙོངས་པའི་ཉེས་པ་བསགས་པར་བརྩིས་ཏེ་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ། གཉེན་སྒྲིག་ངོ་སྤྲོད་བྱ་རྒྱུར་ཁ་གཡར་ནས་ངོ་སྤྲོད་བྱེད་མཁན་བུད་མེད་དང་ངན་པ་ལག་འབྲེལ་བྱས་ཏེ་གཞན་གྱི་རྒྱུ་དངོས་ཁ་བསླུས་བརྒྱབ་ནས་གྲངས་འབོར་ཅུང་ཆེ་རིགས་ལ་ཁ་བསླུས་ཉེས་པ་བསགས་པར་བརྩིས་ནས་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་གང་ནས་ཡོང་བ་གསལ་པོ་མི་ཤེས་པའི་བྱིས་པར་གྲལ་བཤེར་བྱེད་པའམ་ཡང་ན་དེ་སྐྱོབ་པའི་སྐབས། ཉོས་པའི་བྱིས་པ་སྦས་པ་དང་ས་ཆ་གཞན་ལ་སྤོས་པའམ་ཡང་ན་སྐྱོབ་པར་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་གཞན་ལྡན་པར་ཁ་ཏ་བསླབ་བྱ་བྱས་ཀྱང་མ་ཉན་རིགས་ལ་ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་ཞེ་གཅིག་པའི་ནང་གསེས་དྲུག་པའི་ནང་གཏན་ལ་ཕབ་པའི“སྐྱོབ་རྒྱུར་འགོག་རྐྱེན་བཟོ་བར”བརྩི་རྒྱུ་ཡིན་པ་བཅས་གཏན་འཁེལ་བྱས་ཡོད།
       འགྲེལ་བཤད་ལ་གཞིགས་ན། གཏན་འཇགས་ཀྱི་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་ཆགས་པའི་བསླུ་ཉོའི་བུད་མེད་སྐྱོབ་པའི་སྐབས། བཙོངས་པའི་བུད་མེད་དེས་རང་མོས་ངང་དེ་གར་མུ་མཐུད་འཚོ་བ་སྐྱེལ་འདོད་ཡོད་རིགས་ལ“བཙོངས་པའི་བུད་མེད་དེའི་འདོད་པར་གཞིགས་ནས་རང་ཡུལ་ལ་ཕྱིར་སློག་བྱ་རྒྱུར་བཀག་འགོག་མི་བྱ་རྒྱུར”བརྩིས་ཆོག་པ། བསླུ་བྲིད་བྱས་ནས་བཙོངས་པའི་བུད་མེད་དང་བྱིས་པ་ཉོས་རྗེས་གཞང་འཚོང་དུ་བཅུག་པའམ་ཡང་ན་སློང་མོ་དང་བདེ་འཇགས་བཅོས་སྒྲིག་དོ་དམ་ལས་འགལ་བའི་བྱེད་སྒོ་སྤེལ་དུ་བཅུག་པ་སོགས་ཀྱིས་ཉེས་པ་གཞན་བསགས་རིགས་ལ་ཉེས་གྲངས་དང་ཆད་པ་མཉམ་གཅོད་ཀྱི་གཏན་འབེབས་བཞིན་ཉེས་ཆད་གཏོང་རྒྱུ། བསླུ་བྲིད་བྱས་ནས་ཉོས་པའི་བུད་མེད་དང་བྱིས་པ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་སྐྱོབ་སྐབས། གཏུམ་སྤྱོད་དང་འཇིགས་སྐུལ་བྱས་ཏེ་འགོག་རྐྱེན་བཟོས་པའམ་ཡང་ན་མི་མང་པོ་རུབ་བསྡུས་བྱས་ནས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་ཉེས་པ་བསགས་པ་དང་མི་མང་པོ་རུབ་བསྡུས་བྱས་ནས་དེ་དག་སྐྱོབ་རྒྱུར་འགོག་རྐྱེན་བཟོས་རིགས་ལ་ཉེས་གྲངས་དང་ཆད་པ་མཉམ་གཅོད་ཀྱི་གཏན་འབེབས་ལྟར་ཉེས་ཆད་གཏོང་རྒྱུ་ཡིན་པ་རེད།
      ད་དུང་འགྲེལ་བཤད་ནང་། གཉེན་སྒྲིག་བྱ་རྒྱུར་བསམས་ནས་བསླུ་བྲིད་བྱས་ཏེ་ཉོས་པའི་བུད་མེད་དམ་ཡང་ན་གསོ་ཉར་བྱ་རྒྱུར་བསམས་ནས་བསླུ་བྲིད་བྱས་ཏེ་ཉོས་པའི་བྱིས་པ་དག་ཁྱིམ་མི་མང་པོ་དང་འབྲེལ་བ་ཡོད་པ་དང་གཉེན་ཉེ་ཡང་ཞུགས་རིགས་ལ། དེའི་ཁྲོད་ཀྱི་ཉེས་པ་གཙོ་བོ་གསོག་མཁན་ལ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་བཞི་བཅུ་དང་ཉིས་བརྒྱ་ཞེ་གཅིག་ནང་གཏན་ལ་ཕབ་པའི་བྱིས་པ་ནི་ཧྲིལ་ལོ་བཅུ་བཞི་མ་ལོན་པའི་རིགས་ལ་ཟེར་བ་དང་། དེའི་ཁྲོད་ཧྲིལ་ལོ་གཅིག་ལ་མ་སླེབས་པའི་དམར་འབྱར་དང་ཧྲིལ་ལོ་གཅིག་ཡན་ནས་ཧྲིལ་ལོ་དྲུག་མན་ལ་བྱིས་པ་ཞེས་བརྗོད་ཅེས་འཁོད་ཡོད།
      ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོའི་ནང་ཁྲིམས་བཞིན་ཆད་པ་གཅོད་པ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱེད་ཐབས་རིམ་བཞིན་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་ཉེས་གསོག་དེ་རིགས་མང་པོ་ཐོན་རྒྱུ་རིམ་བཞིན་འགོག་ཐུབ་པ་བྱུང་ཡོད། 2015ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་བུད་མེད་དང་བྱིས་པ་བསླུ་བྲིད་བྱས་ནས་བཙོངས་བའི་ཉེས་གསོག་གྱོད་གཞི་853ཞིབ་གཅོད་དང་མི་གྲངས་1362ལ་ཉེས་དོན་ཁྲིམས་ཆད་བཅད་པ་ནི། 2012ལོར་གྱོད་གཞི་1918ཞིབ་གཅོད་དང་མི་གྲངས་2801ལ་ཉེས་དོན་ཁྲིམས་ཆད་བཅད་པ་ལས་50%ཡན་ཆག་ཅིང་། 2016ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་618ཞིབ་གཅོད་དང་མི་གྲངས་1107ལ་ཉེས་དོན་ཁྲིམས་ཆད་བཅད་ཡོད།