མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་25ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།

            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་རྒྱལ་ཡོངས་ཀྱི་ལས་བྱེད་པའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།
          ཞིས་ཅིན་ཕིང་གིས་ལས་བྱེད་པ་རྒན་གྲས་ནི་ཏང་གིས་སྲིད་སྐྱོང་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་གལ་ཆེའི་ཐོན་ཁུངས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཀྱིས་ཏང་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ཏང་གི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱས་པ་དེ་ཐོག་ནས་ལས་བྱེད་པ་རྒན་གྲས་ཀྱིས་ཏང་ལ་སེམས་ཁྲལ་དང་། རྒྱལ་ཁབ་ལ་དགའ་ཞེན། དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་བརྩེ་སེམས་མཚོན་ཐུབ། རེ་བར་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཚོས་གཟི་བརྗིད་ཀྱི་ལོ་རྒྱུས་ལ་གཅེས་འཛིན་དང་། གསར་བརྗེའི་ཐོག་མའི་བསམ་འདུན་མ་བརྗེད་པ། ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་གནས་ཐུབ་པ། མུ་མཐུད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན་དང་དཔེ་བཟང་གི་ལག་ལེན་པ་བྱེད་པ། མུ་མཐུད་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་གོའི་འབོད་སྒྲ་བརྒྱུད་སྤེལ་ཡག་པོ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱིས་ཏང་ཀྲུང་དབྱང་གིས་ལས་བྱེད་པ་རྒན་གྲས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཁུར་བ་དེ་ནི་བློས་གཏོང་ཕོད་པ་དང་ལེགས་སྐྱེས་འབུལ་དགོས་པའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་པ་ཚོས་ལས་གཅེས་ལས་བརྩོན་དང་ངལ་འཁང་གཉིས་བཟོད་ཀྱིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་སྡེ་ཚན་དང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་པས་སྔོན་ཐོན་གྱི་དཔེ་མཚོན་ལ་སློབ་སྦྱོང་ནན་ཏན་དང་ལས་དོན་ཁག་དོ་ནན་གྱི་སྒོ་ནས་བསྒྲུབས་ཏེ་སྤྱིར་བཏང་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་འཐུས་མི་དང་མཇལ་འཕྲད་གནང་བ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་ནང་ཞུགས་པ་རེད། ལིའུ་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ལ་བརྩི་འཇོག་ཐུགས་ཁུར་དང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་པར་ཐུགས་རེ་ཟབ་མོ་གནང་བ་མཚོན་ཐུབ། དུས་བབ་གསར་པའི་འོག་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། ལས་འགན་གྱི་བླང་བྱ་གསལ་དུ་གཏོང་བ། ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། གོ་རྟོགས་མཐོ་བ། ཏང་གཤིས་བཟང་བ་བཅས་ཀྱི་ལེགས་ཆ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རོགས་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་ལ་དོ་ཁུར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན་དང་དཔེ་བཟང་གི་ལག་ལེན་པ་བྱེད་པ། ཏང་ཡོན་དེ་བས་མང་བ་སྣེ་ཁྲིད་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅི་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་གཙོ་སྐྱོང་གནང་ནས་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྒྲོག་སྦྱངས་གནང་བ་རེད།
           ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་106དང་སྔོན་ཐོན་མི་སྒེར་306ལ་གཟེངས་བསྟོད་བྱས་པ་རེད། སྔོན་ཐོན་ལས་དོན་པའི་འཐུས་མི་སི་ཁྲོན་ཞིང་ཆེན་ལང་ཀྲུང་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་གཞོན་པ་གཡོད་ཁྲུན་ཧྭ་དང་ཀྲེ་ཅང་ཞིང་ཆེན་སྤྱི་བདེ་ཐིང་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་ཆི་གཡོད་མིང་དང་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་ཕུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
           རྒྱལ་ཡོངས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་འཐུས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དོ་དམ་དངུལ་རྩའི་ཁེ་ལས། གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེ་གྲས་ཁག་གཅིག ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

  
2016-12-01 2016-11-30