མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྲིད་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་མཉམ་དུ་བརྡ་ཐོ་བཏང་
ནས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་
ཡག་པོ་སྒྲུབ་དགོས་ཞེས་བཏོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། 2017ལོའི་དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་དམངས་སྲིད་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་མཉམ་དུ་《དཔྱིད་གསར་དུས་ཆེན་རིང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་ཞིང་། བརྡ་ཐོའི་ནང་དུས་ཆེན་རིང་ས་གནས་ཁག་དང་། དཔུང་སྡེ་ཁག སྡེ་ཚན་ཁག་བཅས་ཀྱིས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
          བརྡ་ཐོའི་ནང་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱི་དམག་ལ་བཀུར་བའི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་དགོས། རྒྱ་ཆེའི་དམག་དམངས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་དེ་བས་རང་རྟོགས་ངང་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་གྱི་རླབས་ཆེན་ལག་ལེན་ནང་ཞུགས་ནས་རྒྱལ་སྟོབས་དམག་དར་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་སྒྲིལ་དང་རྒྱལ་གཅེས་དམག་བཀུར་དང་དམངས་གཅེས་ལེགས་སྐྱེས་ཀྱི་གཉིས་བཀུར་མཆོག་ཏུ་འཛིན་ནས་གཉིས་བཀུར་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་བསྟན་ཡོད།
          བརྡ་ཐོའི་ནང་དཔུང་སྡེར་རོགས་རམ་བྱས་ཏེ་གནད་དོན་དངོས་ཐག་གཅོད་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དམག་དཔུང་འཛུགས་སྐྲུན་གྱི་སྒྱུར་བཅོས་དང་དམག་རྒྱག་གྲ་སྒྲིག་གི་དགོས་མཁོར་དམིགས་ཏེ་སྤྲོ་སེམས་ཆེན་པོས་བཅའ་སྡོད་དཔུང་སྡེར་དོན་དངོས་སྒྲུབ་རོགས་དང་དཀའ་ངལ་སེལ་རོགས་བྱེད་དགོས་པ་དང་དམག་སྲིད་བཞུགས་མོལ་ཚོགས་འདུ་དང་གཉིས་བཀུར་མཉམ་འབྲེལ་ཚོགས་འདུ་འཚོགས་པ་དང་དུས་ཆེན་རིང་འཚམས་འདྲི་བྱེད་པ་སོགས་ཀྱི་གོ་སྐབས་སྤྱད་དེ་དཔུང་སྡེའི་འཛུགས་སྐྲུན་ནང་འཕྲད་པའི་དཀའ་ངལ་དངོས་སེལ་རོགས་ཧུར་ཐག་དང་ལྷག་པར་དུ་དམག་དཔུང་གཞི་ཁྱོན་དང་གྲུབ་ཆ་སོགས་ཀྱི་སྒྱུར་བཅོས་ཀྱི་བརྒྱུད་རིམ་ལ་དམ་པོར་བསྟུན་པ་དང་། དཔུང་སྡེའི་མི་སྣ་བཀོད་སྒྲིག་དང་དམག་དོན་སྒྲིག་ཆས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་པ་དང་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་དགོས་པ་དང་འབྲེལ་ས་གནས་རོགས་སྐྱོར་མཁོ་བའི་འབྲེལ་ཡོད་དགོས་མཁོ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་དེ་བས་རང་རྟོགས་ཀྱི་རྣམ་འགྱུར་ཐོག་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཐོག་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་བདེ་བླག་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། དམག་བཀུར་དང་དམག་སར་རྒྱབ་སྐྱོར་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དཔུང་སྡེའི་དགུན་དུས་ནང་སྦྱོང་དང་། དམག་གྲབས་ལས་སྒྲུབ། བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་སྣ་མང་ཅན་གྱི་དམག་དོན་བྱ་སྤྱོད་ལ་རོགས་རམ་ཧུར་ཐག་བྱས་ཏེ་དཔུང་སྡེས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུར་འགན་ལེན་མཁོ་འདོན་བྱེད་དགོས་པ་བཅས་བསྟན་ཡོད།
         བརྡ་ཐོའི་ནང་གཟིགས་སྐྱོང་བཀོད་སྒྲིག་བྱ་ཡུལ་ལ་སྤྲོ་སེམས་ཆེན་པོས་དོ་ཁུར་དང་དགའ་གཅེས་བྱེད་དགོས། རིམ་པ་ཁག་གིས་དུས་བབ་གསར་པའི་འོག་གི་གཟིགས་སྐྱོང་བཀོད་སྒྲིག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ལྷན་སྦྱར་བྱེད་ཐབས་འཐུས་ཚང་དུ་བཏང་ནས་དཔུང་སྡེའི་དཔོན་དམག་དང་གཟིགས་སྐྱོང་བྱ་ཡུལ་གྱི་ཁེ་ཕན་དངོས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་དཔུང་སྡེ་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་། དམག་མིའི་ནང་མིའི་ལས་ཞུགས། དམག་མིའི་བུ་ཕྲུག་གི་སློབ་གསོའི་གཟིགས་སྐྱོང་། རྒན་ཡོལ་ཞུས་པའི་དམག་མིའི་ལས་བྱེད་པའི་ཞབས་ཞུ་སོགས་སྲིད་ཇུས་ཁྲིམས་སྲོལ་དོན་འཁྱོལ་བྱ་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་དཔུང་སྡེའི་དཔོན་དམག་གི་སེམས་ཁྲལ་སེལ་དགོས་ཞེས་བསྟན་ཡོད།