མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་འདི་ལོ་རྒྱལ་ཡོངས་ཀྱི་སྡོད་ཁང་སྐྱོ་
ཁུལ་ཁྲི་600ཡི་སྒྱུར་བཀོད་ལས་གྲྭ་ལས་འགོ་ཚུགས་ཟིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཚོགས་འདུ་གོང་ཚེས་ཉིན་འཚོགས་ཤིང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་ཁྲེན་ཀྲེང་ཀའོ་ཡིས་ཚོགས་འདུའི་ཐོག་2016ལོར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ས་ཁང་ཐོན་ལས་ཀྱི་བཀར་འཇུག་ཁང་པ་གོང་ཁེའི་སྒོ་ནས་འཚོང་རྒྱུར་སྐུལ་འདེད་བཏང་བ་དང་ཁང་གོང་མཐོ་བའི་གྲོང་ཁྱེར་གྱི་ས་ཁང་ཐོན་ལས་ཁྲོམ་ར་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་སྔོན་དཔག་ལ་འགྱུར་ལྡོག་བྱུང་བ་དང་ཁྲོམ་རའི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་སྟེ་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་དུས་མཚུངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྒྲིག་སྦྱོར་ཅན་གྱི་ཨར་སྐྲུན་འཕེལ་རྒྱས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་གཏོང་སོགས་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་ལས་དོན་ཁག་ལ་རྣམ་པ་གསར་པ་ཐོན་ཡོད་ཅེས་བཤད།
          2016ལོར་རྒྱལ་ཡོངས་ཀྱི་སྡོད་ཁང་སྐྱོ་ཁུལ་ཁྲི་600ཡི་སྒྱུར་བཀོད་ལས་གྲྭ་ལས་འགོ་ཚུགས་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་དངུལ་ལོར་ཅན་གྱི་བཀོད་སྒྲིག་བསྡུར་ཚད་48.5%བཟུང་བ་དེ་ན་ནིང་དང་བསྡུར་ན་བརྒྱ་ཆའི་གྲངས་18.6མཐོ་རུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་སྤྱི་པའི་བོགས་གཏོང་ཁང་པའི་ནང་དུད་ཚང་ཁྲི་266སྤོས་ཡོད་པ་རེད། རིམ་རྩིས་བྱས་ན་ས་འོག་ཕྱོགས་བསྡུས་མདོང་ལམ་སྤྱི་ལེ་2005ལས་འགོ་ཚུགས་པ་དང་། གྲོང་ཁྱེར་30ཚོད་ལྟའི་གྲོང་ཁྱེར་དུ་བྱས་ནས་འགྱིག་བལ་གྲོང་ཁྱེར་གྱི་རྣམ་གྲངས་སྤྱི་ལེ་གྲུ་བཞི་320ལས་འགོ་ཚུགས་པ། ཆུ་སྙིགས་བཅོས་སྒྲིག་རྣམ་གྲངས་962ལས་འགོ་ཚུགས་ཡོད། རྒྱལ་ཡོངས་ཀྱི་གྲོང་སྡེའི་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་ཚད་60%གཡས་གཡོན་ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་10མཐོ་རུ་ཕྱིན་ཡོད། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་314ཡི་སྒྱུར་བཀོད་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་ཡོད་པ་རེད།
         ཁྲེན་ཀྲེང་ཀའོ་ཡིས་2017ལོར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ས་ཁང་ཐོན་ལས་ཀྱི་སྙོམས་སྒྲིག་ལ་དམ་འཛིན་བྱས་ཏེ་ས་ཁང་ཐོན་ལས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱ་རྒྱུ་མ་ཟད། “ཁང་པ་ནི་མི་སྡོད་ས་ཡིན་པ་ལས་ཁེ་ལོག་ཟ་ཆེད་མིན”ཞེས་པའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་གྲོང་མི་རང་ཉིད་སྡོད་སའི་ཁང་པ་ཉོ་བའི་དགོས་མཁོར་རྒྱབ་སྐྱོར་བྱེད་པ་དང་མ་འཇོག་དང་སྐབས་བསྟུན་རང་བཞིན་གྱི་སྡོད་ཁང་ཉོ་རྒྱུར་ཚོད་འཛིན་བྱས་ནས་ཁང་གོང་མཐོ་བའི་གྲོང་ཁྱེར་གྱི་ཉེན་འགོག་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དང་། རིམ་པ་གསུམ་པ་བཞི་པའི་གྲོང་ཁྱེར་དང་རྫོང་གྲོང་གི་ས་ཁང་ཐོན་ལས་ཀྱི་བཀར་འཇུག་ཁང་པ་གོང་ཁེའི་སྒོ་ནས་འཚོང་རྒྱུ་མུ་མཐུད་དམ་འཛིན་བྱ་རྒྱུ། ལོ་ཧྲིལ་པོར་ད་དུང་སྡོད་ཁང་སྐྱོ་ཁུལ་ཁྲི་600ཡི་སྒྱུར་བཀོད་ལས་འགན་བཀོད་སྒྲིག་བྱས་ཏེ་ལོ་གསུམ་གྱི་འཆར་གཞིའི་ནང་ལེགས་སྒྲུབ་ཡོང་རྒྱུ་འགན་ལེན་བྱ་རྒྱུ་རེད། དུས་མཚུངས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ནས་ས་འོག་ཕྱོགས་བསྡུས་མདོང་ལམ་སྤྱི་ལེ་2000ཡན་ལས་འགོ་འཛུགས་རྒྱུ་དང་། གཙོ་གནད་གྲོང་ཁྱེར་36གི་བཙོག་ཆུ་བཅོས་སྒྲིག་ལས་འགན་638ཚང་མ་ལེགས་སྒྲུབ་བྱ་རྒྱུ། རྒྱལ་ཡོངས་ཀྱི་ལྕགས་ལམ་འགྲིམ་འགྲུལ་སྤྱི་ལེ་500ཡན་སོ་སོར་ལས་འགོ་འཛུགས་རྒྱུ་དང་ལས་མཇུག་འགྲིལ་རྒྱུ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་གཏོང་ལས་གྲྭ་བཅུར་དམ་འཛིན་བྱས་ཏེ་དུད་ཚང་ཁྲི་314ཡི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭ་གསར་དུ་བཀོད་སྒྲིག་བྱ་རྒྱུ་བཅས་རེད་ཅེས་བཤད།