མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆེད་མངགས་ལོ་གཅིག་རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་སྙན་སེང་གསན་ཏེ་འདི་ལོའི་དབུལ་སྒྲོལ་གྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་དང་། H7N9རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྙན་སེང་གསན་ནས་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ། སྤྱི་ཚོགས་ཁྱབ་ཁོངས་ཀྱི་མ་འཇོག་དོ་དམ་བཀོད་སྒྲིག་ལྷུག་གཏོང་བྱས་ཏེ་དེ་བས་ལེགས་པའི་གསོན་ཤུགས་ཀྱི་ཐོག་ནས་ཞན་ཆ་གསབ་པ་དང་དམངས་འཚོར་ཕན་འདོགས་དགོས་ཞེས་གསུངས་། དྲ་རྒྱའི་མྱུར་ཚད་མགྱོགས་གཏོང་དང་གྲོན་དངུལ་གཅོག་ཤུགས་ཆེ་རུ་གཏོང་བ་དང་ལས་གཏོད་གསར་གཏོད་ཀྱི་མ་གནས་ཆུང་དུ་བཏང་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་བཅའ་ཁྲིམས་(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ་བཅས་རེད།
              ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ཐད་བཀོད་སྒྲིག་གསར་པ་གནང་ཡོད། ན་ནིང་ནས་བཟུང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་སྒྲོལ། ལམ་སྲོལ་གསར་གཏོད་བཅས་ལ་དམིགས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱི་འགག་སྒྲོལ་བྱས་པར་བརྟེན་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་བ་དང་མང་ཚོགས་དབུལ་པོའི་འཚོ་བ་མུ་མཐུད་ལེགས་སུ་ཕྱིན་ཡོད། འདི་ལོའི་ལས་དོན་ནང་གཅིག་ནས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུར་ཕྱོགས་ནས་རོགས་སྐྱོར་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོ་དང་འགྲིམ་འགྲུལ་དང་། སློབ་གསོ། བདེ་ཐང་དབུལ་སྐྱོར་སོགས་ཀྱི་ལས་འགན་དོན་འཁྱོལ། དུད་ཚང་དབུལ་པོའི་ཉེན་ཡོད་སྡོད་ཁང་ཉམས་བཟོ་བྱ་རྒྱུར་རྒྱབ་སྐྱོར། ནད་གཞི་ཕོག་པའི་རྐྱེན་གྱིས་དབུལ་པོ་ཆགས་པའམ་སླར་ཡང་དབུལ་པོ་ཆགས་རྒྱུ་འགོག་པ་བཅས་བྱེད་པ་དང་། གཉིས་ནས་སྤོ་སྒྱུར་གཏོང་སྤྲོད་སོགས་ནོར་སྲིད་གཏོང་སྒོ་མང་དུ་བཏང་ནས་ནོར་སྲིད་ཞིང་འབྲེལ་མ་དངུལ་སྤྱི་འདོམས་དང་། བསྡུ་སྒྲིལ། སྤྱོད་རྒྱུ་བཅས་ཀྱི་ཚོད་ལྟའི་ལས་དོན་རྫོང་དབུལ་པོ་ཚང་མར་ཁྱབ་གདལ་བཏང་ནས་ནུས་ལྡན་ངང་མ་དངུལ་སྤྱོད་རྒྱུ་གནད་སྨིན་གཅིག་སྡུད་བྱེད་པ། གསུམ་ནས་དེ་བས་ནུས་ལྡན་གྱི་སྒོ་ནས་ཐོན་ལས་དབུལ་སྐྱོར་ལག་བསྟར་བྱས་ཏེ་གྲོང་ཚོ་དབུལ་པོའི་རིམ་སྤོར་འདུ་འགོད་ལས་དོན་སྤེལ་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་དང་ཞིང་ལས་ཐོན་ལས་ཅན་གྱི་རྣམ་གྲངས་སྣེ་ཁྲིད་ནུས་པ་འདོན་སྤེལ། སྣེ་འདྲེན་ཁེ་ལས་དང་། ཕྱོགས་ཁག་གི་ཤེས་ལྡན་པ། ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་བཅས་ཀྱིས་ས་ཁུལ་དབུལ་པོར་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ་དབུལ་སྐྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། བཞི་ནས་ལྟ་ཞིབ་ཞིབ་དཔྱད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཡིག་ཚགས་དང་གཱ་བཟོ་བ་དང་རྣམ་གྲངས་ཀྱི་མ་དངུལ་སོགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མི་བདེན་རྫུན་བཟོ་དང་ལྐོག་ཟ་དང་བདག་བཟུང་སྒེར་སྤྱོད་སོགས་བྱེད་མཁན་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས། སྡེ་ཚན་དང་། གཞུང་ཁོངས་ཁེ་ལས། ཁ་གཏད་ས་ཁུལ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གནས་གཏན་འཁེལ་གྱི་དབུལ་སྐྱོར་འགན་འཁྲི་དོན་འཁྱོལ་བྱས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཧུར་ཐག་ཡོང་བའི་ནང་གནས་ཀྱི་སྒུལ་ཤུགས་སྐོང་འཐེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།