མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱེད་པར་
ཐུན་མོང་ཐོག་གྲོས་བསྡུར་བྱེད་པའི”རིམ་པ་མཐོ་བའི་ཚོགས་འདུར་ཞུགས་པ་
དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱེད་པར་
ཐུན་མོང་ཐོག་གྲོས་བསྡུར་བྱེད་པའི”རིམ་པ་མཐོ་བའི་ཚོགས་འདུར་ཞུགས་པ་
དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རི་ནེ་ཝའི་དབན་གོ་ཕོ་བྲང་དུ“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱེད་པར་ཐུན་མོང་ཐོག་གྲོས་བསྡུར་བྱེད་པའི”རིམ་པ་མཐོ་བའི་ཚོགས་འདུར་ཞུགས་པ་དང་འབྲེལ་《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་སྐྲུན་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཏིང་ཟབ་དང་། ཕྱོགས་ཡོངས། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རྒྱས་བཤད་གནང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་རླབས་ཆེན་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། གླེང་མོལ་གྲོས་བསྡུར་དང་། མཉམ་སྐྲུན་མཉམ་རོལ། མཉམ་ལས་གཉིས་ཁེ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ལྗང་མདོག་ཐཱན་ཉུང་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ཞི་བདེ་དང་། ཡོངས་ཁྱབ་ངང་བདེ་འཇགས། ཐུན་མོང་ཐོག་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་དང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་ཞིག་སྐྲུན་དགོས་པའི་བཞེད་དོན་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས་གཏམ་བཤད་གནང་སྐབས་མིའི་རིགས་འདི་ཉིད་འཕེལ་རྒྱས་ཆེ་མོ་དང་། འཕོ་འགྱུར་ཆེ་མོ། ལེགས་སྒྲིག་ཆེ་མོ་བཅས་ཀྱི་དུས་སྐབས་སུ་གནས་པ་མ་ཟད། འགྲན་སློང་སྣ་ཚོགས་འཕྲད་པ་དང་ཉེན་ཁ་ཉིན་བཞིན་མང་དུ་འགྲོ་བའི་དུས་རབས་སུ་གནས་ཡོད། འདས་ཟིན་པའི་ལོ་100ལྷག་ཙམ་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འདུན་པ་ནི་ཞི་བདེ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། འཇིག་རྟེན་ཁམས་འདིར་སའི་གོ་ལ་གཅིག་ལས་མེད་པ་དང་མིའི་རིགས་ལ་ཐུན་མོང་གི་ཁྱིམ་གཞིས་གཅིག་ཡོད། ཞི་བདེའི་སྲོལ་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྫོགས་མཐའ་མེད་པ། ཤེས་དཔལ་གྱི་གཟི་བྱིན་རབ་ཏུ་འབར་བ་བཅས་བྱ་རྒྱུ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་སྒུག་ཡིན་ལ་ངེད་ཚོ་ཆབ་སྲིད་མཁས་ཅན་མི་རབས་འདིའི་འཁུར་འོས་པའི་འགན་འཁྲིའང་ཡིན། ཀྲུང་གོའི་ཇུས་གཞི་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ནས་གཉིས་ཁེ་མཉམ་རོལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཉེ་རབས་ཚུན་གྱི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་བསམ་གཞིག་བྱས་ཚེ་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུ་ནི་མིའི་རིགས་ཀྱིས་དོན་གཉེར་ལྷོད་མེད་བྱེད་པའི་དམིགས་ཚད་ཅིག་ཡིན། བདག་དབང་འདྲ་མཉམ་བྱ་རྒྱུ་ནི་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཕན་ཚུན་འབྲེལ་བ་ཚད་ལྡན་དུ་གཏོང་བའི་གལ་འགངས་ཆེ་ཤོས་ཀྱི་ཚད་གཞི་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་དང་སྒྲིག་གཞི་དང་རྩ་འཛུགས་ཚང་མས་ཐུན་མོང་ཐོག་བརྩི་སྲུང་ཞུ་སའི་རྩ་དོན་གལ་ཆེ་ཤོས་དེའང་ཡིན། བདག་དབང་འདྲ་མཉམ་བྱ་རྒྱུའི་དོན་སྙིང་ནི་རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ལ་མི་བལྟོས་པར་བདག་དབང་དང་ལ་རྒྱར་ངེས་པར་དུ་བརྩི་སྲུང་ཞུ་བ་དང་ནང་སྲིད་ལ་ཐེ་ཇུས་མི་བྱེད་པར་ཚང་མར་རང་བདག་ངང་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་འགྲོ་ལམ་གདམ་ག་བྱེད་དབང་ཡོད་པ་དེ་རེད། རྒྱལ་ཁབ་ཁག་གིས་འདྲ་མཉམ་ངང་ཐབས་ཇུས་འདོན་པའི་ནང་ཞུགས་སྟབས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལེགས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཆགས་ཡོད། དུས་བབ་གསར་པའི་འོག་ང་ཚོས་བདག་དབང་འདྲ་མཉམ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གི་ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། ལམ་སྲོལ་འདྲ་མཉམ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་ལོ་རྒྱུས་དང་དངོས་ཡོད་ཀྱིས་ང་ཚོར་འབྲེལ་གཏུག་གྲོས་མོལ་བྱ་རྒྱུ་ནི་ཕྱོགས་འགལ་སེལ་བའི་ཐབས་ཇུས་ནུས་ལྡན་དང་ཆབ་སྲིད་གྲོས་མོལ་བྱ་རྒྱུ་ནི་གདོང་ཐུག་ཐག་གཅོད་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པའི་བློ་སྒོ་ཕྱེ་ཡོད། རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཁྲིམས་འཛིན་སྒྲིག་གཞིར་རྒྱལ་སྤྱིའི་ཁྲིམས་སྐྱོང་དབང་གྲགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད་པས་རྒྱལ་སྤྱིའི་བཅའ་ཁྲིམས་འདྲ་མཉམ་དང་གཅིག་གྱུར་ངང་སྤྱོད་རྒྱུ་འགན་ལེན་བྱེད་པ་ལས་ཚད་གཞི་ཉིས་བརྩེགས་སྤྱོད་མི་རུང་བ་དང“མཐུན་ཚེ་སྤྱོད་པ་དང་མི་མཐུན་ཚེ་དོར་བའི”གནས་ཚུལ་མི་ཐོན་པ་བྱས་ཏེ་ཕྱོགས་རིས་མེད་པར་དྲང་པོ་དྲང་གཞག་ཡོང་བ་དངོས་སུ་བྱེད་ཐུབ་པ་དགོས། ང་ཚོས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་ལས་དབང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྟངས་འཛིན་བྱེད་དགོས་པ་དང་། རྒྱལ་སྤྱིའི་ལམ་སྲོལ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་བཟོ་དགོས་པ། གོ་ལ་ཧྲིལ་པོའི་ལས་དོན་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་བཅོས་སྐྱོང་བྱེད་དགོས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱལ་ཁབ་ཁག་གིས་མཉམ་སྤྱོད་བྱེད་དགོས་པ་བཅས་རེད། ང་ཚོས་གཟུར་གནས་དང་། གཞུང་དྲང་། རང་བདག་བཅས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་མི་ཆོས་རིང་ལུགས་ཀྱི་གནད་དོན་ཆབ་སྲིད་ཅན་དུ་མི་འགྱུར་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དམག་དོན་ཅན་དུ་མི་འགྱུར་བ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་ཟླའི་འབྲེལ་བ་དང་། བདེ་འཇགས་ཀྱི་གནས་བབ། དཔལ་འབྱོར་འཕེལ་རྒྱས། ཤེས་དཔལ་སྤེལ་རེས། སྣོད་བཅུད་འཛུགས་སྐྱོང་སོགས་ཀྱི་ཐད་ནས་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡག་པོ་བྱུང་ཚེ་ཀྲུང་གོ་གཞི་ནས་ཡག་པོ་ཡོང་བ་དང་། ཀྲུང་གོ་ཡག་པོ་བྱུང་ཚེ་གཞི་ནས་འཛམ་གླིང་དེ་བས་ཡག་པོ་ཡོང་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་འགྱུར་མི་སྲིད། ཀྲུང་གོ་འདི་ཉིད་ཆེས་དབུལ་ཞིང་ཕོངས་པའི་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་ཨང་གཉིས་པར་གྱུར་པ་དེ་ཕྱི་ཕྱོགས་སུ་དམག་དོན་རྒྱ་བསྐྱེད་གཏོང་བ་དང་མི་སེར་སྤེལ་ཡུལ་ལ་འཕྲོག་བཅོམ་བྱས་པ་ལ་བྱུང་བ་ཞིག་མིན་པར་མི་དམངས་ཀྱི་དཀའ་སྤྱད་ངལ་རྩོལ་དང་ཞི་བདེ་སྲུང་སྐྱོང་བྱས་པ་ལས་བྱུང་བ་ཞིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ནམ་ཡང་བཙན་བདག་མི་གཉེར་བ་དང་། ནམ་ཡང་རྒྱ་སྐྱེད་མི་གཏོང་བ། ནམ་ཡང་སྟོབས་ཤུགས་དོན་གཉེར་མི་བྱེད་པ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོའི་འཕེལ་རྒྱས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལས་བྱུང་བ་དང་ཀྲུང་གོས་ཀྱང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཐད་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་ནས་རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནི་གཉིས་ཕན་མཉམ་སྤྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་ཐུབ་པའི་ཆེད་དུ་ཡིན། རོགས་ཟླའི་འབྲེལ་བ་འཛུགས་པའི་ཀྲུང་གོའི་ཆོད་སེམས་འགྱུར་མི་སྲིད། ཀྲུང་གོས་རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ཁག་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཚང་མ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི“གྲོགས་ཚོགས”དང་སྔར་བས་འབྲེལ་བ་བྱ་རྒྱུ་ཡིན། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་གོའི་ཆོད་སེམས་འགྱུར་མི་སྲིད་ལ། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དགོངས་དོན་དང་རྩ་དོན་རྨང་རྡོར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པར་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གི་གཏམ་བཤད་ལ་ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་ཐེངས་30ལྷག་ཙམ་ཐོབ་པ་དང་། གཏམ་བཤད་མཇུག་འགྲིལ་རྗེས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།