མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་རྒྱ་གར་ཕྱོགས་ནས་ཏཱ་ལའི་བླ་མར་བརྟེན་ནས་ཀྲུང་གོའི་ཁེ་
ཕན་ལ་གནོད་འཚེ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག རྒྱ་གར་གྱིས་ཀྲུང་གོའི་ཕྱོགས་ཀྱི་དོ་ཁུར་ལ་མི་ལྟ་བར་ཨུ་ཚུགས་ངང་ཏཱ་ལའི་བླ་མར་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཤར་རྒྱུད་ཀྱི་རྩོད་གཞི་ཡོད་པའི་ཁུལ་དུ་བྱེད་སྒོ་སྤེལ་གྲབས་བྱེད་དུ་བཅུག་པ་དེས་ཀྲུང་གོའི་ཕྱོགས་ཀྱི་ཁེ་ཕན་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་བཟོས་པས། ཀྲུང་གོའི་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
         ཉིན་དེའི་གསར་འགོད་པའི་ཚོགས་འདུ་ཐོག གསར་འགོད་པ་ཞིག་གིས་རྒྱ་གར་སྨྱན་སྦྱོར་དུ་སྤེལ་བར་གཞིགས་ན། རྒྱ་གར་གྱི"མངའ་སྡེ་ཨ་རུའུ་ན་ཆར"སྲིད་གཞུང་གིས་གདན་ཞུ་གནང་བ་ལྟར། ཉེ་ཆར། ཏཱ་ལའི་བླ་མས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཤར་རྒྱུད་རྒྱ་གར་གྱིས་བཟུང་བའི་རྩོད་ལྡན་ས་ཁུལ་དུ་བྱེད་སྒོ་སྤེལ་བ་འདིའི་སྐོར་ཀྲུང་གོའི་ཕྱོགས་ཀྱིས་དཔྱད་གཏམ་གང་འདྲ་སྤེལ་རྩིས་ཡོད་དམ་ཞེས་དྲི་བ་བཏོན་པ་རེད།
           ཧྭ་ཁྲུན་དབྱིང་གིས་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་དོ་ཁུལ་ལ་མི་བསྟུན་པར། ཨུ་ཚུགས་ངང་ནས་ཏཱ་ལའི་བླ་མར་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཤར་རྒྱུད་ཀྱི་རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་པ་དེས་ཀྲུང་གོའི་ཕྱོགས་ཀྱི་ཁེ་ཕན་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། རྒྱ་གར་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ཡོད་ཅེས་བརྗོད་པ་རེད།
           ཧྭ་ཁྲུན་དབྱིང་གིས་ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཤར་རྒྱུད་ཀྱི་ལངས་ཕྱོགས་ནི་འགྱུར་མེད་དང་ཁ་གསལ་ཡིན། རྒྱ་གར་ཕྱོགས་ལ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པའི་ཐོབ་ཐང་ལ་གསལ་ཆ་ཟབ་མོ་ཡོད་ཀྱང་། ཁོང་ཉིད་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་རྩོད་གཞི་ཡོད་སར་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་པ་དེས་རྒྱ་གར་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་ཐོག་ནས་ཁས་བླངས་པ་དང་འགལ་ཡོད་པ་མ་ཟད། ད་དུང་མཐའ་མཚམས་ཀྱི་རྩོད་གླེང་ཡང་ཇེ་ཆེར་བསླངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་དང་རྒྱབ་ཀྱིས་ཕྱོགས་པས། རྒྱ་གར་ཕྱོགས་ལ་ཁེ་བཟང་གང་ཡང་འབྱུང་མི་སྲིད་ཅེས་བསྟན་པ་རེད།
          ཧྭ་ཁྲུན་དབྱིང་གིས་ཀྲུང་གོའི་ཕྱོགས་ནས་བྱེད་ཐབས་དགོས་ངེས་ལག་བསྟར་བྱས་ཏེ་རང་ཉིད་ཀྱི་མངའ་ཁོངས་བདག་དབང་དང་ལུགས་མཐུན་ཁེ་དབང་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་རྒྱུ་ཡིན། "ང་ཚོས་རྒྱ་གར་ཕྱོགས་ནས་ཏཱ་ལའི་བླ་མར་བརྟེན་ནས་ཀྲུང་གོའི་ཕྱོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་བར་གྱི་སྣང་འཇོག་ཆེན་པོ་ལྡན་པའི་གནད་དོན་ཇེ་ཆེར་མི་གཏོང་བ། བསམ་བཞིན་དུ་མཐའ་མཚམས་གྲོས་མོལ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞིར་གཏོར་བཤིག་མི་གཏོང་བར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་དང་རྒྱ་གར་གཉིས་པོའི་ཕྱོགས་ཡོངས་ཀྱི་འབྲེལ་བ་སྲུང་སྐྱོང་བྱེད་དགོས"ཞེས་བརྗོད་པ་རེད།