མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དུས་ཡུན་འབྲིང་རིང་གི་གཞོན་ནུའི་
འཕེལ་རྒྱས་འཆར་འགོད་(2016ལོ་ནས་2025ལོའི་བར)》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དུས་ཡུན་འབྲིང་རིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད་(2016ལོ་ནས་2025ལོའི་བར)》པར་འགྲེམས་བྱས་པ་དང་འབྲེལ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          《འཆར་འགོད་》ནང་ཏང་དང་རྒྱལ་ཁབ་ཀྱིས་སྔར་ནས་བཟུང་གཞོན་ནུར་མཐོང་ཆེན་དང་། གཞོན་ནུར་སེམས་ཁུར། གཞོན་ནུར་ཡིད་ཆེས་བཅས་བྱས་ནས་གཞོན་ནུ་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྟོབས་ཤུགས་དམག་གསར་པ་ཞིག་ཏུ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཁྲོད་གཞོན་ནུས་འཇོན་ཐང་ངོམ་རྒྱུར་ཆ་རྐྱེན་བསྐྲུན་པ་དང་ལས་སྟེགས་མཁོ་འདོན་བྱས་ཡོད། བསམ་ཕོད་པ་དང་སྒྲུབ་ཕོད་པ་དང་ཕུགས་འདུན་ལྡན་པའི་གཞོན་ནུའི་ཁྱད་ཆོས་ལ་བརྩི་འཇོག་བྱས་ནས་གཞོན་ནུ་ཞུགས་པའི་སྤྲོ་སེམས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་རྒྱུར་སྣང་ཆེན་བྱས་ཏེ་གཞོན་ནུ་ཚོས་བློ་ཁོག་ཆེན་པོས་དར་སྲོལ་སྔོན་ལ་གཏོད་ཕོད་པ་དང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཡོད། གཞོན་ནུའི་དངོས་ཡོད་གནད་དོན་ཐག་གཅོད་དང་ཁ་ཚ་དགོས་གཏུག་གི་དགོས་མཁོར་སེམས་ཁུར་དང་ཐག་གཅོད་བྱས་ནས་མི་དམངས་ཀྱི་རླབས་ཆེའི་འབད་འཐབ་ཁྲོད་གཞོན་ནུས་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་འགྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུའི་འཕེལ་རྒྱས་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གཞོན་ནུའི་མི་རབས་ལ་ཕུགས་བསམ་ལྡན་པ་དང་འགན་འཁྲི་འཁུར་སེམས་ཡོད་ཕྱིན་རྒྱལ་ཁབ་ལ་གཞི་ནས་མདུན་ལམ་དང་མི་རིགས་ལ་གཞི་ནས་རེ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུར་ཟད་མཐའ་མེད་པའི་ཤུགས་ཆེའི་སྟོབས་ཤུགས་ཡོད་པའི་ནན་བཤད་ཡང་ཡང་གནང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞོན་ནུའི་ལས་འགུལ་གྱི་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ནས་གཞོན་ནུའི་བསམ་བློ་ཆབ་སྲིད་ལ་སྣེ་ཁྲིད་དང་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བར་ཞབས་འདེགས་ཞུ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གཞོན་ནུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཟོས་ནས་ལག་ལེན་བསྟར་ཏེ་གཞོན་ནུ་མི་རིགས་དང་ལས་དབང་གཅིག་མཐུན་དང་། མེས་རྒྱལ་དང་མཉམ་དུ་འབད་འབུངས། དུས་རབས་དང་མཉམ་དུ་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་ལྕག་དང་སྣེ་ཁྲིད་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོར་ཡང་དག་པའི་འཚར་ལོངས་ཀྱི་ལམ་བུ་གསལ་སྟོན་བྱས་པ་དང་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད།
           གཞོན་ནུའི་ཡིད་དབང་བཀུག་ཚེ་གཞི་ནས་འབྱུང་འགྱུར་ཐོབ་པ་དང་། གཞོན་ནུ་གསོ་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་འབྱུང་འགྱུར་གཏོད་ཐུབ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་པ་དང་ཡར་རྒྱས་གོང་འཕེལ་ཡོང་བའི་མཐོ་ཚད་ཀྱི་ཐོག་ནས་གཞོན་ནུ་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ནང་གི་དེ་བས་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་སྤྱི་ཡོངས་ནས་བསམ་གཞིག་དང་། ཚན་རིག་དང་མཐུན་པའི་འཆར་འགོད། ཕྱོགས་ཡོངས་ནས་སྐུལ་འདེད་བཅས་ཀྱི་ཐོག་ནས་གཞོན་ནུ་ཚང་མ་ཤེས་ལྡན་མི་སྣར་འགྱུར་བ་དང་ཚང་མས་རང་གི་འཇོན་ཐང་ངོམ་ཐུབ་པའི་གསོན་ཉམས་ལྡན་པའི་རྣམ་པ་བཏོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ངར་ཤུགས་ཆེན་པོ་དང་རྒྱུན་མཐུད་ཀྱི་ལང་ཚོའི་སྒུལ་ཤུགས་སྣོན་དགོས་ཞེས་བསྟན་ཡོད་པ་རེད།
           《འཆར་འགོད་》ནང་2020ལོར་སླེབས་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞོན་ནུའི་འཕེལ་རྒྱས་སྲིད་ཇུས་མ་ལག་དང་ལས་ཀའི་ལམ་སྲོལ་རགས་ཙམ་ཆགས་པ་བྱས་ནས་རྒྱ་ཆེའི་གཞོན་ནུ་ཚོའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་རླབས་ཆེན་ལག་ལེན་ནང་གི་སྟོབས་ཤུགས་གསར་པ་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། 2025ལོར་སླེབས་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞོན་ནུའི་འཕེལ་རྒྱས་སྲིད་ཇུས་མ་ལག་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱ་ཆེའི་གཞོན་ནུ་ཚོའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཕུགས་འདུན་རྒྱང་རིང་དུ་འཆང་བ་དང་། སྤྱོད་ཡོན་ལ་མཐོང་ཆེན། གནས་ལུགས་ཤེས་རྟོགས། གསར་འབྱེད་ཕོད་པ་བཅས་ཀྱི་གཞོན་ནུ་རྒྱུན་ཆད་མེད་པར་འཚར་ལོངས་ཡོང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་འཁུར་མཁན་གྱི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།