མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད་ལེ་ཁྲིར་
སྐྱོད”ཅེས་པའི་བྱེད་སྒོ་ཟླ་6པར་སྤེལ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཐོ་བཏང་སྟེ། 2017ལོའི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད་ལེ་ཁྲིར་སྐྱོད”ཅེས་པའི་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད། ཟླ་6པ་ནས་བཟུང་རྒྱལ་ཡོངས་སུ“ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ”བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་སྤྱི་ཚོགས་ཡོངས་སུ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དར་སྤེལ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་ངོས་འཛིན་ཞིག་ཆགས་པ་བྱས་ཏེ་དོན་རྐྱེན་ཚབས་ཆེ་རིགས་དང་ཧ་ཅང་ཚབས་ཆེ་རིགས་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་བྱས་ནས་དོན་རྐྱེན་གྱི་སྤྱི་འབོར་དང་། འཆི་བའི་མི་གྲངས། དོན་རྐྱེན་ཚབས་ཆེ་རིགས་དང་ཧ་ཅང་ཚབས་ཆེ་རིགས་བཅས་གསུམ་མུ་མཐུད་ཉུང་གཏོང་གི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
         རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་ཟླ་6པར་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་རིང་། རྒྱལ་ཡོངས་སུ་ཁེ་ལས་ལ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་པ་དང་། “6·16”ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དྲིལ་བསྒྲགས་བློ་འདྲིའི་ཉིན་མོ། ཁེ་ལས་ཀྱི་བདེ་འཇགས་ཉེན་ཁའི་སྤྱི་བསྒྲགས་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གྱི་དྲན་སྐུལ་སློབ་གསོ། གསར་འགྱུར་ཡོངས་བསྒྲགས་དང་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱེད་པ་སོགས་བྱེད་སྒོ་རིགས་5སྤེལ་རྒྱུ་ཡིན་པ་རེད།
         “བདེ་འཇགས་ཐོན་སྐྱེད་ལེ་ཁྲིར་སྐྱོད”ཅེས་པའི་བྱེད་སྒོའང་ཟླ་6པ་ནས་11བར་རྒྱལ་ཡོངས་སུ་སྤེལ་རྒྱུ་ཡིན་ཞིང་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་ཁུར་སྡེ་ཚན་གྱི་འགན་འཁུར་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རིགས་གཅིག་མཁས་ཅན། དེ་བཞིན་སྨྱན་སྦྱོར་གསར་འགོད་པ་བཅས་གཞི་རིམ་ཚན་པ་དང་ཁེ་ལས་གཙོ་བོར་བསྐྱོད་དེ་དོན་རྐྱེན་གྱི་མི་མངོན་པའི་རྐྱེན་ངན་དམར་འདོན་གྱི་བྱ་སྤྱོད་དང་། ཚོད་ལྟའི་གྲོང་ཁྱེར་གྱི་ཆེད་དོན་བྱ་སྤྱོད། ཚན་རྩལ་ལ་བརྟེན་ནས་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་ཆེད་དོན་བྱ་སྤྱོད། ལྟ་སྐུལ་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་གྱི་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད། འཕྲལ་སྡོམ་ནང་སྦྱོང་གི་ཆེད་དོན་བྱ་སྤྱོད་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།