མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་《ཐང་རྒོད་དུ་འགྱུར་བ་འགོག་བཅོས་བྱེད་པའི་
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་》ཆིངས་ཁོངས་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་
གསུམ་པའི་རིམ་མཐོའི་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། 《ཐང་རྒོད་དུ་འགྱུར་བ་འགོག་བཅོས་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་》ཆིངས་ཁོངས་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་རིམ་མཐོའི་ཚོགས་འདུ་དེ་ཚེས་11ཉིན་ནང་སོག་གི་ཨེའར་ཏོ་སི་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་ཚོགས་འདུར་ཕེབས་པའི་རྒྱལ་ཁབ་ཁག་གི་འཐུས་མི་དང་། རྒྱལ་སྤྱིའི་སྒྲིག་གཞིའི་འགན་འཁུར་བ། ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་དང་དུས་མཚུངས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་བཟང་པོའང་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ས་ཆ་ཐང་རྒོད་དུ་འགྱུར་བ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་གོ་ལ་ཧྲིལ་པོའི་སྣོད་བཅུད་ཐད་ཀྱི་གནད་དོན་གལ་ཆེན་ཞིག་རེད། སྤྱི་ཆིངས་ལ་ནུས་པ་ཐོན་ནས་ལོ་21སོང་རིང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་གོ་ལ་ཧྲིལ་པོ་ཐང་རྒོད་དུ་འགྱུར་བ་འགོག་བཅོས་བྱེད་པའི་ལས་དོན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་པར་བརྟེན་འཛམ་གླིང་ཐོག་གི་ས་ཁུལ་མང་པོའི་མི་དམངས་ཚོས་སྔར་མུས་ལྟར་ཐང་རྒོད་དུ་འགྱུར་བའི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཐོག“ཕྱར་བ་གྲུ་འདེགས་ངང་ཐང་རྒོད་དུ་འགྱུར་བ་འགོག་བཅོས་བྱས་ནས་མིའི་རིགས་ལ་ཐུན་མོང་ཐོག་བདེ་སྐྱིད་སྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སྤྱི་ཆིངས་ཀྱི་འཐབ་ཇུས་གསར་པའི་སྒྲོམ་གཞིར་མཉམ་དུ་གྲོས་བསྡུར་བྱ་རྒྱུ་དེས་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ཐད་གལ་འགངས་ཆེ་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཐང་རྒོད་དུ་འགྱུར་བ་འགོག་བཅོས་བྱ་རྒྱུ་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ངང་དེར་ཁ་གཏད་གཅོག་དགོས། ང་ཚོས་རང་བྱུང་ཁམས་ལ་བརྩི་མཐོང་དང་རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དར་སྤེལ་གཏོང་བ་དང་། སྣོད་བཅུད་སྔོན་འཇོག་དང་སྔོན་འགོག་གཙོར་བཟུང་མཐའ་འཁྱོངས་བྱེད་པ། ཡིད་ཆེས་བརྟན་གཏོང་དང་འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་སྒོ་ནས་མཉམ་ལས་རྒྱ་ཁྱབ་དང་དམིགས་ཚད་ཁ་གསལ་བའི་སྤྱི་ཆིངས་ཀྱི་འཐབ་ཇུས་གསར་པའི་སྒྲོམ་གཞི་བཟོས་ཏེ་གོ་ལ་ཧྲིལ་པོའི་ཐང་རྒོད་སྣོད་བཅུད་མ་ལག་བཅོས་སྐྱོང་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཐང་རྒོད་ཀྱིས་འགྲོ་བ་མིའི་རིགས་ལ་ཕན་བདེ་སྐྲུན་ཐུབ་པ་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཆིངས་ཀྱི་འོས་འགན་བསྒྲུབ་སྟེ་ད་ཐེངས་ཀྱི་ཆིངས་ཁོངས་ཕྱོགས་ཀྱི་ཚོགས་ཆེན་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ལ་གཞིགས་ཏེ་ཁོངས་མིའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དང་སྤེལ་རེས་མཉམ་ལས་ལ་སྔར་བཞིན་ཤུགས་སྣོན་བརྒྱབ་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་རྒྱུའི་ནན་བཤད་གནང་བ་རེད།