མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་
འཁྱོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལྷག་དོན་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆོས་ལུགས་ལས་དོན་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་ཚོགས་འདུར་ཕེབས་ཡོད་པ་རེད།
         ཡུས་ཀྲེང་ཧྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་དགོངས་པ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དང་ལས་འགན་ཁ་གསལ་བྱུང་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་དོན་ཏན་ཏིག་སྤེལ་བས་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད་ལ་ཆོས་ལུགས་ཁྱབ་ཁོངས་སྤྱིའི་ཆ་ནས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབ་པའི་འགག་རྩ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ལྷག་དོན་དུ“ཁྲིད་སྟོན”སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ནན་ཏན་དང་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱེད་པ་དང“ཁྲིད་སྟོན”ཐད་ཤུགས་རྒྱག་རྒྱུར་ཐུག་ཡོད། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་ཆོས་དད་ཐད་ཕན་ཚུན་བརྩི་འཇོག་བྱེད་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཏང་དང་སྲིད་གཞུང་གི་ཉེ་འཁོར་དུ་དད་ལྡན་མང་ཚོགས་རྣམས་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས། ཆོས་ལུགས་ལས་རིགས་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁོང་ཚོས་སྤྱི་ཕན་དགེ་སྒྲུབ་བྱེད་སྒོ་གཉེར་བ་དང་། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་མང་ཙམ་འབུལ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་སློབ་གསོ་བཏང་སྟེ་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ལ་བརྟེན་ནས་ཆོས་ལུགས་ཁག་ལ་ཤན་བཟང་པོ་ཞུབས་པ་བྱེད་དགོས། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བཅའ་ཁྲིམས་སྤྱད་ནས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཆོས་ལུགས་ཚོགས་པའི་བྱ་སྤྱོད་དང་ཆོས་ལུགས་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་འབྲེལ་བཅའ་ཁྲིམས་སྤྱད་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་འདུམ་འགྲིག་བྱེད་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆོས་ལུགས་ཐལ་སྐྱོད་ཅན་དུ་འགྱུར་ཚུལ་བཀག་འགོག་བྱེད་པ་དང་ཁྲིམས་བཞིན་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པ་དང་། བཅའ་ཁྲིམས་གང་རུང་ལས་འགལ་ཚེ་བཅའ་ཁྲིམས་དེ་གཞིར་བཟུང་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ས་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་སྤྱད་ནས་སིམ་འཛུལ་བྱེད་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་སློབ་གྲྭའི་ནང་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུར་དོགས་ཟོན་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ནས་ཐལ་སྐྱོད་བསམ་བློ་དང་ས་ཁོངས་ཕྱི་རོལ་གྱི་སིམ་འཛུལ་ལ་བཀག་འགོག་བྱེད་པའི་ཁོང་ཚོའི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི་《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་》ལག་བསྟར་ནན་ཏན་བྱས་ནས་《སྲོལ་ཡིག་》དྲིལ་བསྒྲགས་དང་གསོ་སྦྱོང་བྱེད་པའི་ལས་དོན་ལེགས་པར་བསྒྲུབས་ཏེ་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། ཁྲིམས་འཛིན་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་བཞིན་རྒྱལ་སྐྱོང་གི་སྤྱིའི་བླང་བྱར་གཞིགས་པ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།