མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་《ནོར་སྲིད་ཀྱི་ཆེད་
དམིགས་དབུལ་སྐྱོར་མ་དངུལ་གྱི་ལས་རྗེས་གདེང་འཇོག་བྱ་ཐབས་》བཟོ་
བཅོས་བརྒྱབ་ནས་པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་གསར་པ་དང་ནོར་སྲིད་མ་དངུལ་གྱི་ལས་རྗེས་དོ་དམ་གྱི་བླང་བྱ་གསར་པ་དང་འཚམ་པ་དང་། མ་དངུལ་བེད་སྤྱོད་དོ་དམ་གྱི་ལས་རྗེས་གདེང་འཇོག་གི་ཕྱོགས་སྟོན་དང་ལྕག་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དེ་བས་གནད་འཁེལ་དང་གཞུང་དྲང་གི“ཚད་འཇལ་ཁྲེ་ཙེར”བརྟེན་ནས་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་གྱི་ལས་རྗེས་ལ་བསྡུར་ཞིབ་བཅས་བྱ་ཆེད་ཉེ་དུས་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་《ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་གྱི་ལས་རྗེས་གདེང་འཇོག་བྱ་ཐབས་》བཟོ་བཅོས་བརྒྱབ་ནས་པར་འགྲེམས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དུས་སྐབས་ནང་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་བགོ་བཤའ་དང་། བེད་སྤྱོད། དོ་དམ་སོགས་ལས་ཀའི་ལས་རྗེས་ཀྱི་གདེང་འཇོག་ལ་ཕྱོགས་ཡོངས་ནས་གཏན་འབེབས་བྱས་ཡོད་པ་རེད།
         བཟོ་བཅོས་བརྒྱབ་རྗེས་ཀྱི་《བྱ་ཐབས་》ནང་གཤམ་གསལ་གྱི་འགྱུར་ལྡོག་ཡོད་པ་ནི། གཅིག་ནས་བེད་སྤྱོད་གནད་སྨིན་མངོན་གསལ་དོད་པ་དང་། གཉིས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གསུམ་ནས་བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་བ་བཅས་རེད།
        དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་ད་དུང་ལོ་གསུམ་ལྷག་ཙམ་ཡོད་པས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་གྱི་མ་དངུལ་གྱི་གཞི་ཁྱོན་ཆེ་བ་དང་རྣམ་གྲངས་ཀྱི་གྲངས་ཚད་མང་བ་སོགས་ཀྱི་གནས་ཚུལ་ལ་བསམ་གཞིག་བྱས་ཏེ་གོམ་པ་རིམ་བགྲོད་ཀྱིས་ཡར་རྒྱས་ཡོང་བ་བྱེད་པའི་རྩ་དོན་ལ་གཞིགས་ཏེ་《བྱ་ཐབས་》ནང་2018ལོ་ནས་བཟུང་ལེའོ་ཉིང་དང་། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧྲན་ཏུང་། ཀོང་ཏུང་ཤར་རྒྱུད་ཀྱི་ཞིང་ཆེན་6གིས་གོང་གསལ་གྱི་བླང་བྱར་གཞིགས་ཏེ་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་གྱི་ལས་རྗེས་དམིགས་ཚད་དོ་དམ་ལས་དོན་སྒྲུབ་པ་དང་སྔོན་ཚུད་ནས་ཉམས་མྱོང་འཚོལ་ཞིབ་དང་གསོག་འཇོག་བྱེད་དགོས་པ་མ་ཟད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་གྱིས་ཀྱང་རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་ཚོད་ལྟའི་ནང་བཅུག་མེད་པའི་རྫོང་འགའ་ཞིག་བདམས་ནས་ཚོད་ལྟ་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིམ་གྱིས་སྐུལ་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།