མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་ལྔའི་རིང་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་ཁྲི་
245.9ལ་སློབ་སྐྱོར་རོགས་དངུལ་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གསར་འགྱུར་ལྟེ་གནས་ཀྱིས་དམངས་འཚོའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རིམ་ཁག་བཟོ་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་དམངས་འཚོ་ལེགས་སུ་གཏོང་རོགས་དང་བློ་གཅིག་སེམས་གཅིག་གིས་ལས་བཟོར་ཞབས་འདེགས་ཞུས་ནས་ལས་བཟོའི་ཐོབ་ཚོར་གྱི་བྱེད་ཐབས་དང་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་བའི་ནང་རོགས་སྐྱོར་དཀའ་སེལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།
      ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་རིང་། བཟོ་ཚོགས་ཀྱིས“དུས་ཆེན་གཉིས”རིང་ཁྱོན་མ་དངུལ་སྒོར་དུང་ཕྱུར་202.1གྲབས་གསོག་བྱས་ཏེ་འཐབ་ཕྱོགས་དང་པོའི་ལས་བཟོ་དང་། དཀའ་ངལ་ཡོད་པའི་ལས་བཟོ། ཞིང་པ་ལས་མི་བཅས་མི་ཐེངས་ཁྲི་4282ལ་འཚམས་འདྲི་བྱས་པ་རེད། 2017ལོའི“དུས་ཆེན་གཉིས”ཀྱི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་ཁོ་ནར། རྒྱལ་ཡོངས་བཟོ་ཚོགས་ཀྱིས་ཁེ་ལས་ཁྲི་21དང་ལས་བཟོ་ཁྲི་420ལ་འཚམས་འདྲི་བྱས་ཏེ་དཀའ་ངལ་ཡོད་པའི་ལས་བཟོ་ཚང་མར་རོགས་སྐྱོར་བྱས་པ་རེད། ཉེ་བའི་ལོའི་ནང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཀའ་ངལ་ཡོད་པའི་ལས་བཟོར་དྲོ་སྐྱིད་སྦྱིན་རྒྱུ་དེ་རྒྱུན་གཏན་ཅན་དང་། འཆར་ཅན། ལམ་ལུགས་ཅན། ཕུགས་ཕན་བཅས་སུ་འགྱུར་རྒྱུ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་སེལ་དཀའ་སྒྲོལ་གྱི་ལས་དོན་འབུར་དུ་ཐོན་པ་དང་འབྲེལ་བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པ་དང་། ཐོན་ཁུངས་ཉམས་ཞན་བཟོ་གཏེར་ཁུལ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་སོགས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། ལོ་ལྔའི་རིང་། སློབ་སྐྱོར་བྱེད་སྒོས་ཁྱོན་སློབ་སྐྱོར་དངུལ་སྒོར་དུང་ཕྱུར་45སྤྲད་དེ་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་ཁྲི་245.9ལ་རོགས་སྐྱོར་བྱས་ནས་དཀའ་ངལ་ཡོད་པའི་ལས་བཟོའི་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་བ་རེད། ད་ཕན་ལོ་ཤས་ནང་རིམ་ཁག་བཟོ་ཚོགས་ཀྱིས་སློབ་སྐྱོར་བྱེད་སྒོ་སྤེལ་སྐབས། རོགས་སྐྱོར་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་སློབ་གྲྭར་བསྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་ནས་ཞིང་པ་ལས་མིའི་བུ་ཕྲུག་གྲོང་ཁྱེར་དུ་འཚོ་དཀའ་བ་དང་སློབ་གྲྭར་འགྲོ་མུས་ཀྱི་ལས་བཟོའི་བུ་ཕྲུག་དགུང་སེང་སྐབས་གཞན་ལ་བཅོལ་དཀའ་བ་སོགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་པ་རེད།
     2016ལོའི་ཟླ་5པར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོར་དཀའ་སེལ་དཀའ་སྒྲོལ་བྱེད་རོགས་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་གཞིར་བཟུང་། 《དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་སེལ་དཀའ་སྒྲོལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》གཤམ་བསྒྲགས་བྱས་ཏེ་རིམ་ཁག་བཟོ་ཚོགས་ལ་གཞི་རིམ་གྱི་བཟོ་ཚོགས་རྩ་འཛུགས་ཁྲི་280དང་བཟོ་ཚོགས་རོགས་སྐྱོར་ལྟེ་གནས་དང་ས་ཚིགས་ཁྲི་20ལྷག་ཙམ་ལ་བརྟེན་ནས“ཁག་གཅིག་རེ་བཞིའི”བྱེད་ཐབས་སྤྱད་དེ་གནད་སྨིན་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ལོ་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། 2016ལོར་རྒྱལ་ཡོངས་ཀྱི་ད་ཡོད་བཟོ་ཚོགས་ཀྱི་ཡིགས་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་ལོ་གོང་མའི་དུས་མཚུངས་ལས་དུད་ཚང་ཁྲི་200ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད།