མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ནན་ཁའེ་སློབ་ཆེན་གྱི་སློབ་མ་དམག་གསར་ཚོར་
སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནན་ཁའེ་སློབ་ཆེན་གྱི་སློབ་མ་དམག་གསར་འཕྲིན་8ལན་སྤྲིངས་ནས་ཤེས་ཡོན་ཅན་དམག་དཔུང་ནང་ཞུགས་ཏེ་རྒྱལ་ཁབ་ལ་དྲིན་ལན་གསོ་བའི་བྱེད་སྤྱོད་ལ་ཁས་ལེན་གནང་བ་མ་ཟད། དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་འགྲུབ་པའི་ལག་ལེན་རླབས་ཆེན་ཁྲོད་ཁོང་ཚོས་རང་ཉིད་ཀྱི་ཁྲག་དྲོན་བཏོན་ནས་རྣམ་པར་བཀྲ་བའི་ལང་ཚོའི་ལེའུ་ངོ་གནོང་མི་དགོས་པ་ཞིག་རྩོམ་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
         འཕྲིན་ལན་ནང་། རྒྱལ་ཁབ་ལ་དྲིན་ལན་གསོ་རྒྱུའི་འདུན་པ་བཅངས་ཏེ་སློབ་གྲྭ་ནས་གནས་སྐབས་བྲལ་ནས་དམག་དཔུང་ནང་ཞུགས་ཚུལ་ཤེས་སྐབས། ཁྱེད་ཚོའི་ཕུགས་འདུན་དང་སྤྲོ་སྣང་ལ་ཡི་རངས་ཆེན་པོ་བྱུང་ཞེས་ཞི་ཅིན་ཕིང་གིས་གསུངས།
         ཞི་ཅིན་ཕིང་གིས་གནའ་སྔ་མོ་ནས་རང་རྒྱལ་གྱི་སྐྱེས་བུ་དམ་པ་མང་པོ་དམག་དཔུང་ནང་ཞུགས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལོ་རྒྱུས་ཡོད། རི་འགོག་དམག་འཁྲུག་སྐབས། ནན་ཁའེ་སློབ་ཆེན་གྱི་སློབ་བུ་མང་པོས་རང་འགུལ་ངང་དམག་ལ་ཞུགས་ཏེ་ཁྲག་དྲོན་དང་ཚེ་སྲོག་བཏང་ནས་རྒྱལ་གཅེས་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ལ་འགྲེལ་པ་བརྒྱབ་ཡོད། ད་ཆ་ཁྱེད་ཚོས་དམག་ནང་ཞུགས་པའི་རྒྱལ་ཁབ་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་རྒྱལ་གཅེས་ཀྱི་སེམས་པ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་དུ་བསྒྱུར་ཏེ་རྒྱ་ཆེའི་དང་བླངས་གཞོན་ནུ་ཚོར་མིག་དཔེ་ཡག་པོ་ཞིག་བསྟན་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ཁྱེད་ཚོས་དམག་ཆས་གྱོན་རྒྱུ་བྱུང་བའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་འགྲུབ་པའི་རླབས་ཆེའི་ལག་ལེན་ཁྲོད་རང་ཉིད་ཀྱི་ཁྲག་དྲོན་ལེགས་སྐྱེས་ཕུལ་ནས་དམག་སྡེའི་གར་སྟེགས་ཆེན་པོའི་ཐོག་རང་ཉིད་ཀྱི་འཇོན་ཐང་ངོམ་པ་དང་དམག་སྒར་ཁྲོ་ཐབ་ཆེན་པོའི་ནང་འདྲེས་ནས་ངར་ལྕགས་ཤིག་ཏུ་བཞུན་བརྡར་བྱས་ཏེ་རྣམ་པར་བཀྲ་བའི་ལང་ཚོའི་ལེའུ་ངོ་གནོང་མི་དགོས་པ་ཞིག་རྩོམ་དགོས་ཞེས་གསུངས།