མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་པེ་ཅིང་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པའི་ཁོངས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་བ་དང་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གསར་པ་དང་བཀོད་སྒྲིག་གསར་པ་དོན་འཁྱོལ་ནན་ཏན་བྱེད་པ། སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་མཐའ་འཁྱོངས་བྱེད་པ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་། བསམ་པ་གྲུ་ནང་། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་བཏོད”ཅེས་པ་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ནས་མེས་རྒྱལ་ནང་སར་ལྟ་སྐོར་སློབ་སྦྱོང་བྱེད་པ་ནི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཟི་བརྗིད་སྲོལ་རྒྱུན་ཞིག་ཡིན་པས་རང་རེའི་ཏང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་རེད། བྱ་ཐབས་དེ་རིགས་བརྒྱུད་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རང་རྒྱལ་གྱི་གཅིག་གྱུར་ཡིན་པའི་མི་རིགས་མང་བའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་སྔར་བས་གཏིང་ཟབ་བྱུང་བ་དང་། སྒྱུར་བཅོས་སྒོ་དབྱེར་ཐོབ་པའི་གྲུབ་འབྲས་དང་གཟེངས་སུ་ཐོན་པའི་སྤོབས་པ་ཆེ་རུ་ཕྱིན་པ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཆེ་རུ་ཕྱིན་པ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་དང་། བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་སྒུལ་ཤུགས་ཆེན་པོ་ཆེ་རུ་ཕྱིན་པ་བཅས་ཀྱི་ལག་ལེན་དངོས་ཀྱི་ཐོག་ནས་སྤྱོད་གོ་ཆོད་པ་དང་དགའ་བསུ་ཟབ་མོ་ཐོབ་པའི་ར་སྤྲོད་བྱུང་བས་ངེས་པར་དུ་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས་པའི་ནན་བཤད་གནང་བ་རེད།