མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི"གཅིག་རེ་ལྔའི་འདུ་འགོད"ཐད་
མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“གཅིག་རེ་ལྔའི་འདུ་འགོད”ལག་བསྟར་བྱས་ནས་ལོ་20ལྷག་ཙམ་སོང་བའི་ནང་སྔོན་ཐོན་རིག་གནས་དར་སྤེལ་དང་ཕུལ་བྱུང་བརྩམས་ཆོས་མང་པོ་བརྩམ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་བསམ་བློ་ཟབ་པ་དང་། སྒྱུ་རྩལ་རྩེར་སོན། སྒྲིག་བཟོ་ལེགས་པ་བཅས་ཀྱི་བརྩམས་ཆོས་འབོར་ཆེན་བཏོན་པ་དེ་དག་བསམ་པའི་རིག་གནས་ཐོན་རྫས་གསར་རྩོམ་གྱི་དཔེ་སྟོན་འདུ་འགོད་དང་བཀྲག་མདངས་འཚེར་བའི་སྤུས་དག་ཏུ་གྱུར་ཏེ་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་ཕུལ་བྱུང་བརྩམས་ཆོས་ཀྱིས་མི་རྣམས་ལ་སྐུལ་ལྕག་ཐེབས་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་སྟོན་ཕྱོགས་མཐའ་འཁྱོངས་དང་། “མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི”ཁ་ཕྱོགས་དང“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་མཛད་ཕྱོགས་མཐའ་འཁྱོངས། གསར་གཏོད་རང་བཞིན་གྱི་སྒོ་ནས་སྒྱུར་བ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཡག་ཐོག་ཡག་བརྩེགས་དང་བློ་རྩེ་གཅིག་སྒྲིམ་བཅས་བྱས་ཏེ་གཏན་གནས་ཀྱི་ཆོད་སེམས་ཐོག་ནས་གཏན་གནས་ཀྱི་བརྩམས་ཆོས་གཏོད་དེ་རྒྱུན་ཆད་མེད་པར་ཕུལ་བྱུང་གི་བརྩམས་ཆོས་གསར་རྩོམ་བྱས་ཐོག་མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་དུས་རབས་ཡར་རྒྱས་ཀྱི་བླང་བྱ་འབྲི་བ་དང་ཟིན་ཐོ་འགོད་པ་དང་། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་པ། ཀྲུང་གོའི་གཟུགས་བརྙན་གཏོད་པ་དང་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་མི་དམངས་ཀྱི་སྙིང་སྟོབས་འཕེལ་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་དང་ལྡན་པའི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཚེས་27ཉིན་སྐབས་བཅུ་བཞི་པའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“གཅིག་རེ་ལྔའི་འདུ་འགོད”ཀྱི་གཟེངས་བསྟོད་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“གཅིག་རེ་ལྔའི་འདུ་འགོད”ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་མ་ཟད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོར་ཡང་རེ་བ་ཟབ་མོ་བཅོལ་ཡོད་པ་དང་ཆབས་ཅིག་ང་ཚོས་དུས་བབ་གསར་པའི་འོག་རིག་རྩལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་ཡང་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་རིག་རྩལ་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་སྙིང་རུས་ཆེན་པོས་གསར་རྩོམ་ལས་དོན་ནང་ཞུགས་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་བརྩམས་ཆོས་རྩེ་གྲ་བརྩམས་ནས་དེ་བས་མང་བའི་ཕུལ་བྱུང་བརྩམས་ཆོས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་མཐོ་རླབས་གསར་པ་གཏོད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མངོན་འགྱུར་དང་སྙན་འཇེབས་ལྡན་ལ་ནང་དོན་ཟབ་པའི་སྒྱུ་རྩལ་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ཐོན་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མཚོན་པ་བྱེད་པ་དང་ངོ་མཚར་ལྡན་པའི་ཀྲུང་གོའི་གཏམ་རྒྱུད་བཤད་ནས་ཀྲུང་གོའི་འགྲོ་ལམ་གྱི་ཁྱད་དུ་འཕགས་པའི་ལེགས་ཆ་མཚོན་པ་བྱེད་དགོས། ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་ཐོག་ནས་རྩ་བ་མི་བརྗེད་པ་དང་། ཕྱིའི་ལེགས་ཆ་བསྡུ་ལེན། འབྱུང་འགྱུར་ལ་ཕྱོགས་རྒྱུ་བཅས་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་སྟེ་རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མི་རྣམས་ལ་འབོད་སྐུལ་དང་སྐུལ་ལྕག་བྱེད་དགོས། ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་ཀྱི་ཆེད་དུ་འབྲི་བ་དང་མི་དམངས་ལ་བརྩེ་སེམས་བཅངས་བ་དང་མི་དམངས་ལྟེ་བར་བྱེད་པ་བཅས་ཀྱི་གསར་རྩོམ་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས“གཞི་རིམ་དུ་བསྐྱོད་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། རྩོམ་སྲོལ་སྒྱུར་བ”བཅས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་ང་ཚོའི་རིག་རྩལ་དེ་དུས་བབ་དང་མཐུན་པ་དང་གསོན་ཤུགས་རྒྱས་པ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།