མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་
འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་དང་པོ་དེ་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་གྱི་སྔ་དྲོ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིང་གྲོང་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་དང་པོ་དེ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཝང་ཞའོ་ཧུའེ་ཡིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཙོ་བོ་དང་ལོ་རྒྱུས་ཀྱི་ལེགས་སྐྱེས”ཞེས་པ་བརྗོད་གཞིར་བྱས་ནས་སྒྲོག་འགྲེལ་སྙན་ཞུ་སྤེལ་བ་རེད།
        ཝང་ཞའོ་ཧུའེ་ཡི་སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་ནང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གོ་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། དོན་སྙིང་གཙོ་བོ། དགོངས་ཚུལ་གསར་གཏོད། ལེགས་སྐྱེས་འགངས་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་སོགས་ཀྱི་ཆོད་གཏམ་གལ་ཆེན་རྒྱས་བཤད་བཅས་བྱས་ཏེ“གོམ་སྟབས་གཉིས་ལ་དབྱེ་ནས་བསྐྱོད་པ”དང“དུས་མཚམས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་འགངས་ཆེན། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ལ་གོ་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད། སྙན་ཞུའི་ནང་གསོན་ཉམས་དོད་པའི་གྲངས་གཞི་དང་གྱོད་དཔེ་སྤྱད་པ་དང་། ནང་དོན་ཁ་གསལ་བ་དང་གཏིང་ཟབ་པ། གོ་བདེ་པོ་ཞིག་ཡོད་པས་ཚོགས་རའི་ནང་ཉན་མཁན་ཚོའི་དགའ་བསུ་ཐོབ་ཡོད། ཚང་མས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དམིགས་ཚད་ལས་འགན་ཁག་ཐུན་མོང་གི་ངོས་འཛིན་དང་སྲ་ཞིང་བརྟན་པའི་བྱ་སྤྱོད་དུ་ཏན་ཏིག་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།