མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་《སྤྱི་ཚོགས་རྩ་
འཛུགས་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པར་ཁྲིད་སྟོན་དང་སྐུལ་སློང་
རྒྱ་ཁྱབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་《སྤྱི་ཚོགས་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པར་ཁྲིད་སྟོན་དང་སྐུལ་སློང་རྒྱ་ཁྱབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་པ་རེད།
     《བརྡ་ཐོའི་》ནང་། དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པ་ནི་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་གལ་ཆེན་ཡིན་ལ་རང་རྒྱལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་། སྤྱི་ཚོགས། མང་ཚོགས། ལས་རིགས་བཅས་ལ་ཞབས་འདེགས་ཞུ་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་རྩ་འཛུགས་གོང་འཕེལ་སྟོབས་ཆེར་གཏོང་བའི་གར་སྟེགས་གལ་ཆེན་ལྟ་བུ་དང་དངོས་ཡོད་ཐབས་ལམ་ཞིག་ཀྱང་ཡིན་པས། སྤྱི་ཚོགས་རྩ་འཛུགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་བྱས་ཡོད།
     《བརྡ་ཐོའི་》ནང་། སྤྱི་ཚོགས་རྩ་འཛུགས་ཐོན་ལས་དབུལ་སྐྱོར་དང་། སློབ་གསོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། གནས་སྤོ་དབུལ་སྐྱོར། དང་བླངས་དབུལ་སྐྱོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཚོགས་རྩ་འཛུགས་དག་དབུལ་སྐྱོར་བྱ་སྤྱོད་གཞན་དག་ལ་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་བྱེད་ཐབས་ཞིབ་ཕྲའང་བཏོན་ཡོད་པ་བསྟན་ཡོད།
     《བརྡ་ཐོའི་》ནང་། རྒྱལ་ཡོངས་རང་བཞིན་དང་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ལ“ཁྲིད་སྟོན་རང་བཞིན་གྱི་བླང་བྱ”ཁག་5བཏོན་ཡོད་པ་སྟེ། (1)ཉུང་མཐར་ཡང་ས་ཁུལ་དབུལ་པོར་ཕྱོགས་ཏེ་དབུལ་སྐྱོར་བྱེད་སྒོ་རེ་སྤེལ་བ་དང་། (2)གཙོ་གཉེར་དང་སྒྲུབ་འགན་འཁུར་བའི་དངོས་མང་སྟོན་ཚོགས་དང་། འགྲེམས་ཚོང་འདུ་ཚོགས། ལོ་ཚོགས། ཆེད་དོན་ཚོགས་འདུ་སོགས་སྔོན་ལ་ས་ཁུལ་དབུལ་པོར་གཉེར་ནས་ས་ཁུལ་དབུལ་པོའི་དཔལ་འབྱོར་གོང་འཕེལ་དང་། ཚོང་འགུགས་མ་འདྲེན། དབུལ་སྐྱོར་གསར་སྤེལ་སོགས་དང་ཟུང་འབྲེལ་ཧུར་ཐག་བྱེད་དགོས་པ་མ་ཟད། ས་ཁུལ་དབུལ་པོ་འགྲེམས་ཚོགས་དང་འདུ་ཚོགས་ལ་ཞུགས་པའི་འགྲོ་གྲོན་རྩ་ཆག་གཏོང་བ། (3)ཐབས་ལམ་མང་པོ(དགེ་སྒྲུབ་ཀྱི་ཡིད་རྟོན་མངགས་བཅོལ་བཟོ་བ་དང་། རྣམ་གྲངས་ལག་བསྟར། ཆ་སྒྲིག་རོགས་སྐྱོར། དངུལ་དངོས་ཞལ་འདེབས། འཛད་སྤྱོད་དབུལ་སྐྱོར། ས་ཁུལ་དབུལ་པོར་རོགས་སྐྱོར་བྱེད་པའི་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་སོགས)བརྒྱུད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པར་སྐུལ་ལྕག་གཏོང་བ། (4)སྤྱི་ཕན་དགེ་སྒྲུབ་ཀྱི་རིགས་དང་། ཚན་རྩལ་གྱི་རིགས། ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས་རིགས། དམངས་གཉེར་སློབ་གསོའི་གསོ་སྦྱོང་། རྒན་གསོ། འཕྲོད་བསྟེན་སོགས་སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞིས་ལས་སྒོའི་བྱེད་སྒོའི་མ་གནས་ལ་སྤྱོད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་བསྡུར་ཚད་མཐོ་རུ་གཏོང་བ། (5)སྲིད་གཞུང་གི་དབུལ་སྐྱོར་ལས་དོན་འཆར་གཞི་དང་དབུལ་སྐྱོར་ལས་དོན་གྱི་བཀོད་སྒྲིག་འབྲེལ་མཐུད་བྱེད་པ་བཅས་རེད།
     སྤྱི་ཚོགས་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད་ཅིང་། 2017ལོའི་ཟླ་11པའི་བར་རྒྱལ་ཡོངས་སུ་སྤྱི་ཚོགས་རྩ་འཛུགས་ཁྲི་75.7(དམངས་སྲིད་སྡེ་ཚན་དུ་ཐོ་འགོད་བྱས་པའི་སྤྱི་ཚོགས་ཚོགས་པ་དང་། ཐེབས་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི་བཅས་ལ་ཟེར་བ་དང་། གཤམ་དང་མཚུངས)ཡོད་པ་དེའི་ནང་སྤྱི་ཚོགས་ཚོགས་པ་ཁྲི་35.4དང་། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི་ཁྲི་39.7 ཐེབས་རྩ་ཚོགས་པ་6062བཅས་ཡོད། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་སུ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་2746བསྒྲུབས་པ་དང་། སྤྱི་ཚོགས་ཀྱི་རིགས་ཁག་གི་ཞལ་འདེབས་སྒོར་དུང་ཕྱུར་653.7དང་ལེན་བྱས་ཁར་དང་བླངས་པ་མི་ཐེངས་ཁྲི་191ལ་སྐུལ་སློང་བྱས་པ་རེད།