མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ལིན་ཀྲེང་གཡོད་ཨེར་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེར་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་གིས་ཞུས་པའི་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་རེད།
         ཞི་ཅིན་ཕིང་གིས་འདི་ལོའི་ཟླ་7ཚེས་1ཉིན་ང་རང་ཤང་ཀང་དུ་བསྐྱོད་ནས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་སྒྲུབ་མཛད་སྒོར་ཞུགས་ནས་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོས་འགན་སྒྲུབ་དམ་བཅའ་བཞག་པར་དཔང་པོ་བྱས་པ་ཡིན། སྲིད་འཛིན་དཔོན་གྱིས་འགན་འཁུར་ཚུན་དོ་དམ་བཅོས་སྐྱོང་ཚོགས་པའི་སྣེ་ཁྲིད་དེ་ཁྲིམས་བཞིན་སྲིད་སྐྱོང་བ་དང་། བྱ་སྤྱོད་ཧུར་ཐག་སྤེལ་བ། དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་གཏོང་ལ་དམིགས་པ། སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་འདོན་པ། ལས་རིགས་ཁག་གི་མི་སྣའི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ལས་ཀའི་འགོ་ཡག་པོ་ཞིག་ཚུགས་ཐུབ་ཡོད་ལ་ཤང་ཀང་གི་སྤྱི་ཚོགས་དང་ལས་རིགས་ཁག་གི་རྒྱ་ཁྱབ་ཀྱི་ཁས་ལེན་ཡང་ཐོབ་པ་དགའ་སྤྲོའི་ངང་མཐོང་བྱུང་། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་སྲིད་འཛིན་དཔོན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དོ་དམ་བཅོས་སྐྱོང་ཚོགས་པའི་སྣེ་ཁྲིད་ནས་ཚོགས་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཤང་ཀང་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུར་གདན་འདྲེན་པ་དང་གཞོགས་འདེགས་བྱས་ཡོད་པས་བྱ་ཐབས་དེ་དག་ཧ་ཅང་ཡག་པོ་འདུག ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག“‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’མཐའ་འཁྱོངས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ”དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་ཆེ་མོ་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ནང་དོན་གལ་ཆེན་ཞིག་ལ་གཏན་འཁེལ་བྱས་ཡོད་པས་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ཐོག་ནས་ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ཡོད་ལ། ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུ་ནི་ཡུན་རིང་དང་བློ་བརྟན་འགྱུར་མེད་ཅིག་ཡིན་པ་གསལ་པོར་མཚོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཤང་ཀང་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་བའི་འགག་རྩ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཤང་ཀང་བས་ཤང་ཀང་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ངང་ལག་ལེན་བསྟར་ཏེ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་བྱ་བ་བསྒྲུབས་པས་ཡིན། དེའི་ཕྱིར་ཀྲུང་དབྱང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆར་སྲུང་སྐྱོང་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་གི་དབང་ཆར་འགན་ལེན་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།