མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱངས་ཏེ་ལྷོད་གཡེང་དང་མཚམས་འཇོག་མི་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          སྒྲིག་པ་པོའི་གཏམ། 2017ལོ་མི་འགྱངས་པར་མཇུག་རྫོགས་གྲབས་ཡོད་ལ། ལོ་འདིར་ཏང་འཛུགས་སྐྱོང་གི་ལོ་རྒྱུས་འོད་སྟོང་འབར་བའི་ལེའུ་ཞིག་བཞག་ཡོད་པ་རེད། ཀུན་གྱིས་བརྩི་མཐོང་བྱེད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཏང་གི་དར་རྟགས་སུ་འཁོད་ནས་ཏང་ཡོངས་ལ་ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཡོད་ལ། ཏང་འཛུགས་སྐྱོང་ལ་བགྲོད་ལམ་དང་ཁ་ཕྱོགས་བསྟན་ཡོད་པ་རེད།
          འདས་པའི་ལོ་གཅིག་རིང་ལ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མུ་མཐུད་བྱས་པས། ཏང་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།
         ལོ་འདིའི་རིང་ལ། "སྟག་རྡུང"དང་། "སྦྲང་གསོད།" "ཝ་འཛིན"རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད་ལ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་རྣམ་པར་རྒྱལ་བའི་རྣམ་པ་ཆགས་ཡོད་པར་མ་ཟད། འཕེལ་རྒྱུས་བརྟན་པོར་བྱུང་ཡོད་པ་རེད།
        ལོ་འདིའི་རིང་ལ། "གཏན་འབེབས་དོན་ཚན་བརྒྱད"ཀྱིས་བསྟུད་མར་ནུས་ཤུགས་ཐོན་ཏེ་བྱ་ངན་སྤྱོད་ངན་གཙང་དག་བཟོ་བ་དང་མཁྲེགས་བཟུང་གཅོང་ནད་གཙང་སེལ། ཀུན་སྤྱོད་སྐྱོང་བ་བཅས་ལ་ལམ་ལུགས་ཀྱི་འགན་སྲུང་སྔར་ལས་བརྟན་པོ་བྱུང་ཡོད་པ་རེད།
       ལོ་འདིའི་རིང་ལ། "སློབ་སྦྱོང་གཉིས་དང་ཚད་ལོན་གཅིག"རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་ཅིང་། རྒྱ་ཆེའི་ཏང་ཡོན་གྱི་ཕུགས་བསམ་དང་ཡིད་ཆེས་སྔར་ལས་བརྟན་པོར་གྱུར་པས། ཏང་ནང་གི་ཆབ་སྲིད་འཚོ་བ་སྔར་ལས་ཚད་ལྡན་ཅན་དང་གཟབ་ནན་ཅན་དུ་གྱུར་པ་རེད།
        ལོ་འདིའི་རིང་ལ། བཅོས་སྒྱུར་ཚོད་ལྟ་ཁུལ་བདེ་བླག་ངང་སྤེལ་ཞིང་། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟ་ཁུལ་པེ་ཅིང་དང་ཧྲན་ཞི། ཀྲེ་ཅང་བཅས་སུ་གོ་རིམ་ལྡན་པའི་ངང་སྤེལ་བར་མ་ཟད། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རིམ་པར་སྤེལ་བ་རེད།
       དུས་རབས་གསར་པར་བྱས་རྗེས་གསར་པ་ཡོང་རེ་བྱས་ཡོད་ལ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་ནི་ནམ་ཡང་ལམ་དུ་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པ་སྤྱི་ཡོངས་ནས་བཀོད་སྒྲིག་དང་སྐུལ་སློང་བྱས་ཏེ། ཕྱོགས་ཡོངས་ནས་མུ་མཐུད་ཏང་ནན་པོར་སྐྱོང་བའི་གདོང་མཆོང་གི་དུང་བརྡ་བསྒྲགས་པ་རེད། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་ལམ་དུ། དུས་ནམ་ཡང"ལྷོད་གཡེང་དང་ངལ་གསོ་རྒྱག་པ"གཏན་ནས་བྱེད་དུ་མི་འཇུག་པར། ངེས་པར་དུ་ལྕགས་གཟེར་འདེབས་པ་བཞིན་དུ་མུ་མཐུད་གཏིང་ཟབ་སྤེལ་ན་མ་གཏོགས་དྭངས་གཙངས་སྲོལ་བཟང་གི་རྒྱལ་ཁམས་ཆགས་མི་ཐུབ་པ་རེད།
       ཟླ་1ཚེས་30ཉིན།
      ཀྲུང་དབྱང་གཞུང་ལས་ཐིང་གིས་《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཨུད་(ཏང་ཙུའུ་)ཀྱི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་སྒྲིག་སྲོལ་》ཞེས་པ་པར་འགྲེམས་བྱས་ཏེ་ལྟེ་གནས་ཚོགས་པའི་སློབ་སྦྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་དུ་ཇེ་མཐོར་བཏང་ནས། སློབ་སྦྱོང་ནི"འགྱུར་ལྡན་གྱི་འོས་འགན"ནས"འགྱུར་མེད་ཀྱི་ཚོད་འཛིན"དུ་འགྱུར་བའི་སྐུལ་མ་བཏང་བ་རེད།
       ཟླ་3ཚེས་1ཉིན།
       ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོའི་གུང་ཁྲན་ཏང་གི་ལས་ཀའི་ལས་ཁུངས་ཀྱི་སྲོལ་ཡིག་(ཚོད་ལྟའི་ལག་ལེན)》ཞེས་པ་པར་འགྲེམས་བྱས་ཤིང་། འདིས་ཏང་གི་སྲིད་འཛིན་རྒྱལ་སྐྱོང་གི་རྩ་འཛུགས་ལམ་ལུགས་ཀྱི་རྨང་གཞི་བརྟན་པོར་གྱུར་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་བཏང་བ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚོད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ཡོད་པ་རེད།
       ཟླ་3ཚེས་28ཉིན།
        ཀྲུང་དབྱང་གཞུང་ལས་ཐིང་གིས་《"སློབ་སྦྱོང་གཅིག་དང་ཚད་ལོན་གཉིས"ཀྱི་སློབ་སྦྱོང་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ཏེ་ཕྱོགས་ཡོངས་ལ་ཁེབས་པ་དང་རྒྱུན་རྣམ་ཅན། གསར་གཏོད་གཙོ་བོ། ནུས་པ་དངོས་ཐོན་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཨུད་(ཏང་ཙུའུ་)ཀྱི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་པའི་སློབ་སྦྱོང་དང་། ཏང་ཀྲི་པུའུ་ཡི"ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག"སོགས་ཀྱི་རྨང་གཞིའི་ལམ་ལུགས་ལ་བརྟེན་ནས་རྒྱུན་གཏན་དུ་འགྱུར་བ་དང་རྒྱུན་དུ་འཛིན་པའི་བླང་བྱ་བཏོན་ཡོད་པ་རེད།
        ཟླ་7ཚེས་24ཉིན།
        ཀྲུང་གུང་ཀྲུང་དབྱང་གིས་སུན་ཀྲེང་ཚའེ་ལ་སྒྲིག་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་གནད་དོན་ལ་གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱས་པ་རེད། ད་ལོའི་དུས་ཚིགས་སྔོན་མ་གསུམ་ལ། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་སྡེ་ཁག་གིས་གྱོད་དོན་ཐོ་འགོད་ཁྲི་38.3བྱས་ཤིང་། མི་གྲངས་ཁྲི་33.8ལ་ཆད་པ་བཅད་པ་དེའི་ནང་ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ་56ཡོད་པ་རེད། ད་ལོ་ནས་བཟུང་། སུན་ཀྲེང་ཚའེ་དང་། ཝང་སན་ཡུན། ཞང་ཅུན་པོའོ་སོགས་འབྲིང་རིམ་དོ་དམ་ལས་བྱེད་པ་20ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱས་པ་རེད།
        ཟླ་8ཚེས་30ཉིན། 
        ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་དྲ་ཚིགས་སུ་ལས་ཁུངས་དང་ས་ཁུལ་17དུ་སྐོར་ཞིབ་དག་ཐེར་གྱི་གནས་ཚུལ་བསྒྲགས་ཤིང་། སྐོར་ཞིབ་རེས་སྐོར་དེའི་ལས་ཁུངས་དང་ས་ཁུལ་37གྱི་དག་ཐེར་གནས་ཚུལ་ཚང་མ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཡོད་པས། ཀྲུང་དབྱང་སྐོར་ཞིབ་བཅོ་བརྒྱད་པ་བདེ་བླག་ངང་མཇུག་རྫོགས་པ་མཚོན་ཡོད་ལ། དེས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མུ་མཐུད་ནས་གཏིང་ཇེ་ཟབ་ཏུ་སྐུལ་འདེད་བྱས་ཡོད་པ་རེད།
       ཟླ་10ཚེས་18ཉིན།
       ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་རྒྱལ་ཁའི་ངང་འཚོགས་པ་རེད། ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དེ་ཏང་གི་བྱ་སྤྱོད་ཀྱི་སློབ་སྟོན་དུ་གཏན་འཁེལ་གནང་བས། ཏང་གི་སློབ་སྟོན་བསམ་བློར་ཡང་བསྐྱར་དུས་རབས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་བྱུང་བ་རེད།
       ཟླ་10ཚེས་27ཉིན།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་སྐབས་བཅུ་དགུ་པས་ཚོགས་འདུ་འཚོགས་ནས་《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གཏན་འབེབས་འགའ་ཞིག་》དང་《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ་》ལ་གྲོས་ཞིབ་གནང་སྟེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་སྔར་ལས་ལྷག་པར་བྱེད་དགོས་པར་མ་ཟད། སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་སྲུང་རྒྱུན་སྲིང་ལྷོད་མེད་དགོས་པའི་བརྡ་བཏང་ཡོད་པ་རེད།
       ཟླ་10ཚེས་30ཉིན། 
       ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་《རྒྱལ་ཡོངས་ས་ཁུལ་ཁག་ཏུ་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་ཇུས་གཞི་》དཔར་འགྲེམས་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འཚོལ་ཞིབ་ལག་ལེན་བཀོད་སྒྲིག་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ཨུ་ལྷན་འཛུགས་སྐྱོང་ལས་དོན་ལེགས་པར་བསྒྲུབ་པ་རེད།
       ཟླ་12ཚེས་6ཉིན།
       རུལ་སུངས་ལ་རྒོལ་བའི་ཀྲུང་དབྱང་མཐུན་སྦྱོར་ཚོ་ཆུང་གི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་གཞུང་ལས་ཁང་གི་གཅིག་འགྱུར་མཐུན་སྦྱོར་འོག "འཛིན་རྒྱ་དམར་པོ་བཏང་བའི་མི་བརྒྱ"ཡི་ཁྲོད་ཀྱི་ཨང་28པ་ལི་ཝུན་ཀོ་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས་པ་རེད། ད་ལྟ། རྒྱལ་ཡོངས་ཀྱི"འཛིན་རྒྱ་དམར་པོ་བཏང་བའི་མི་བརྒྱ་"ཡི་ཁྲོད་ཀྱི་ཕྱེད་ཀ་ཙམ་ཁྲིམས་འོག་ཏུ་ཚུད་ཡོད་པས། རུལ་སུངས་ལ་རྒོལ་བ་དང་བྲོས་འདེད་དངུལ་འདེད་ཀྱི་ལས་དོན་ལ་དུས་སྐབས་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད་པ་རེད།
       ཟླ་12ཚེས་11ཉིན། 
       ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གཉིས་ཀྱིས་《ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་པ་དོ་དམ་བྱེད་ཐབས་》དང་《ཏང་སྲིད་ལས་ཁུངས་ཀྱི་གཞུང་སྤྱོད་རླངས་འཁོར་དོ་དམ་བྱེད་ཐབས་》གཉིས་པར་འགྲེམས་བྱས་ཤིང་། རྒྱལ་ཡོངས་ཀྱི་ངོས་ནས་གཞུང་ལས་ཁང་གི་གཅིག་གྱུར་ཚད་ལྡན་དང་གཞུང་སྤྱོད་རླངས་འཁོར་གྱི་ལམ་ལུགས་གཅིག་གྱུར་བཟོས་པ་རེད། བྱེད་ཐབས་གཉིས་བཏོན་ཏེ། སྤྱོད་ཚུལ་ལེགས་སྐྱོང་ཐད"འགྱུར་མེད་ཀྱི་ཚད་གཞི"ཞིག་བཏོན་པ་དང་། སྤྱོད་ཚུལ་ལེགས་སྐྱོང་འཕེལ་རྒྱས་གཏིང་ཟབ་ཡོང་བའི་སྐུལ་འདེད་བཏང་བ་རེད།
        ཟླ་12ཚེས་12ཉིན།
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་གསར་པར་དོགས་ཟོན་བྱེད་དགོས་》ཞེས་པའི་རྩོམ་ཡིག་ལ་གཞིགས་ཏེ་སློབ་སྟོན་གལ་ཆེན་གནང་བ་《མི་དམངས་ཉིན་རེའི་ཚགས་པར་》དུ་སྤེལ་ནས"སྤྱོད་ཚུལ་བཞི"ཡོ་བསྲང་བྱ་རྒྱུ་མཚམས་འཇོག་མི་རུང་བ་དང་སྤྱོད་ཚུལ་ལེགས་སྐྱོང་ལ་ནམ་ཡང་ཚར་དུས་མེད"ཅེས་ནན་གསུང་གནང་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པ་རིམ་པ་ཁག་གིས་སྣེ་འཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དངོས་སུ་ལག་ལེན་བསྟར་བ་དང་གོང་རིམ་གྱིས་འོག་རིམ་ལ་སྣེ་འཁྲིད་ནས"སྣེ་འདྲེན་ཕན་འབྲས"ཐོན་པ་བྱེད་དགོས། སྤེལ་ཉེར་ཡོད་པའི"ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང"བའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཁྲོད་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ཏེ་སྤྱོད་ཚུལ་བཟང་པོའི་ཐོག་ནས་ཕན་འབྲས་ཡག་པོ་ཐོན་པའི་འགན་ལེན་བྱེད་དགོས་ཚུལ་བསྟན་གནང་བ་རེད།