མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ནག་སེལ་གཤེད་བཅོམ་གྱི་ཆེད་དོན་
འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 16:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་ཞིང་། 《བརྡ་ཐོའི་》ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་འགན་ལེན་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་གཏོང་ཆེད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་དགོས་ཞེས་བཏོན་ཡོད།
     《བརྡ་ཐོའི་》ནང་ནན་བཤད་བྱས་དོན། རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དེ་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུ་དང་འབྲེལ་བ་ཡོད་པ་དང་། མི་སེམས་གཏད་ཕྱོགས་དང་གཞི་རིམ་སྲིད་དབང་བརྟན་དུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ།རླབས་ཆེན་གྱི་འཐབ་རྩོད་སྤེལ་རྒྱུ་དང་། རླབས་ཆེན་གྱི་འདུ་འགོད་བསྐྲུན་རྒྱུ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བཅས་དང་འབྲེལ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང“འདུ་ཤེས་བཞིར”ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། ལག་བསྟར་ཚགས་ཚུད་བཅས་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
     《བརྡ་ཐོའི་》ནང་ད་ཐེངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་གསལ་པོ་བཏོན་ཡོད། 《བརྡ་ཐོའི་》ནང་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། མིག་སྔའི་ནག་ཚོགས་དང་གཤེད་མ་དང་འབྲེལ་ཡོད་གནད་དོན་གྱི་འཕེལ་ཕྱོགས་གསར་པར་དམིགས་པ་བཅས་བྱས་ཏེ་ཆེད་དོན་བཅོས་སྒྲིག་དེ་མ་ལག་བཅོས་སྒྲིག་དང་། ཕྱོགས་བསྡུས་བཅོས་སྒྲིག ཁྲིམས་ལྟར་བཅོས་སྒྲིག འབྱུང་རྩ་ནས་བཅོས་སྒྲིག་བཅས་བྱ་རྒྱུ་དང་ཟུང་འབྲེལ་དང་། ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དེ་རུལ་སུངས་ལ་ངོ་རྒོལ་དང་གཞི་རིམ་གྱི“སྦྲང་རྡུང”དང་ཟུང་འབྲེལ། ནག་སེལ་གཤེད་འཇོམས་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་གཉའ་བཅག་ནས་རྣམ་གནོན་རང་བཞིན་གྱི་རྣམ་པ་ཆགས་པ་བྱེད་དགོས་ལ་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཆགས་ས་རྩ་མེད་བཟོས་ནས་ཕུགས་ཕན་ལམ་སྲོལ་གྲུབ་སྟེ་རྒྱུན་ཆད་མེད་པར་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མངོན་འགྱུར་བཅས་བྱ་ཆེད་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་ཞེས་བཏོན་ཡོད། 《བརྡ་ཐོའི》ནང་ཏང་གི་འགོ་ཁྲིད་དང་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་དང་མང་ཚོགས་ལ་དམ་པོར་བརྟེན་རྒྱུ་མཐའ་འཁྱོངས། ཕྱོགས་བསྡུས་བཅོས་སྒྲིག་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་མཐའ་འཁྱོངས། ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་སྔ་ཙམ་དང་ཆུང་ས་ནས་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས། རྩ་ལག་མཉམ་བཅོས་དང་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་བཏོན་ཡོད།
     《བརྡ་ཐོའི་》ནང་ནན་བཤད་བྱས་དོན། ནག་ཚོགས་དང་གཤེད་མ་དང་འབྲེལ་ཡོད་གནད་དོན་ཐོན་མང་བའི་གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས་བཅས་ལ་དམིགས་ནས་རྡུང་རྡེག་གི་མདུང་རྩེ་དེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བསམ་འཆར་མང་བ་དང་སྙིང་ཁོང་རུས་པའི་གཏིང་ནས་ཁོང་ཁྲོ་བྱེད་པའི་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཕྱོགས་དགོས་པ་དང་། ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་། སྔ་ཙམ་དང་ཆུང་ས་ནས་རྡུང་རྡེག་གཏོང་རྒྱུ། ངན་པ་ཚར་གཅོད་གཏོང་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ།
     སྲིད་ཁྲིམས་ལས་ཁུངས་ཁག་གིས་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་དབྱེ་མཚམས་སྔར་བས་གསལ་པོ་ཕྱེ་སྟེ་ཁྲིམས་འཛིན་གྱི་བསམ་བློ་གཅིག་གྱུར་དང་མཐུན་སྦྱོར་གཞོཌ་འདེཌ་ལ་ཤུགས་སྣོན་བརྒྱབ་ནས། ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། ཁྲིམས་ལྟར་གྱོད་གཞི་ནན་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་དང་ཕན་འབྲས་གཅིག་གྱུར་ཡོང་རྒྱུ་འགན་ལེན་དང་། སྲིད་ཇུས་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས་པ། ལྷུག་ནན་མཉམ་བཟུང་གི་ཉེས་དོན་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས་ནག་ཚོགས་དང་གཤེད་མའི་ངོ་བོ་ལྡན་པའི་ཚོགས་པའི་ནང་གི་ཉེས་གསོག་སྒྲིག་འཛུགས་བྱེད་མཁན་དང་། འགོ་འཁྲིད་མཁན། གཏེ་པོའི་ཁོངས་མི་བཅས་དང་། དེ་བཞིན་དེ་དག་སྲུང་སྐྱོབ་བྱེད་མཁན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། ཉེས་གསོག་གནས་ཚུལ་ཅུང་ཡང་བའི་ཉེས་གསོག་པ་གཞན་པར་ཁྲིམས་ལྟར་ཆད་པ་གཅོད་ཚད་ཡང་དུ་གཏོང་དགོས་པ། ཁྲིམས་ལྟར་དུས་ཐོག་ཏུ་སྒོ་ཐེལ་རྒྱག་པ་དང་། བཀག་ཉར། བཀག་འདོམས་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་བདའ་འདེད་གཏོང་བ་དང་། གཞུང་བཞེས་གཏོང་བ། རྒྱུ་ནོར་གྱི་ཉེས་ཆད་གཏོང་བ་དང་དེ་བཞིན་སྲིད་འཛིན་དངུལ་ཆད་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱད་དེ། ནག་ཚོགས་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི་རྩ་མེད་བཟོ་དགོས་པ། རང་འགུལ་ངང་འདྲི་གཅོད་ཀྱིས་ལྟེ་བ་བྱེད་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་དང་འཚམ་པ་བྱས་ཏེ་གྱོད་གཞིའི་དོན་དངོས་ཀྱི་འགག་སྒོ་དང་། དཔང་རྟགས་ཀྱི་འགག་སྒོ གོ་རིམ་གྱི་འགག་སྒོ བཅའ་ཁྲིམས་འཚམ་སྤྱོད་ཀྱི་འགག་སྒོ་བཅས་ཡག་པོ་བསྲུངས་ནས་ཉེས་རྡུང་ལ་བརྟེན་ནས་རང་ཉེས་ངོས་ལེན་ཞུ་རུ་འཇུག་པའི་བྱེད་སྟངས་གཏན་འགོག་དང་། ནག་མེད་ཉེས་འགེལ་གྱི་གྱོད་གཞི་ཐོན་རྒྱུ་སྔོན་འགོག་བྱས་ནས་གྱོད་གཞི་ཚང་མ་དཔང་རྟགས་ཁུངས་བཙན་གྱི་གྱོད་གཞིར་འགྱུར་རྒྱུའི་འགན་ལེན་བྱེད་དགོས།
     《བརྡ་ཐོའི་》ནང་བླང་བྱ་བཏོན་དོན། སྡེ་ཚན་ཁག་གིས་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་འོག་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་འགན་འཁྲི་རང་འཁུར་དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་མངོན་གསལ་དོད་པའི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་ཉིད་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་རང་འགུལ་ངང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནང་གི་འགན་འཁྲི་དང་ལས་འགན་ཡག་པོ་འཁུར་བ་དང་། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྲིད་འཛིན་ཐད་དགོས་པའི་ལས་ཀ་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་རྒྱུ་གཏན་འགོག་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་མཆེད་རྒྱུའི་བར་མཐོངས་ཆུང་དུ་གཏོང་དགོས་པ། འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱུན་གཏན་གྱི་ཁྲིམས་འཛིན་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་ནག་ཚོགས་དང་གཤེད་མའི་ཁུངས་སྣེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་བརྡ་ཁྱབ་བཏང་ནས་ཁུངས་སྣེ་རྩིས་སྤྲོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྲིད་ཁྲིམས་ལས་ཁུངས་ཀྱིས་གྱོད་གཞི་སྒྲུབ་གཉེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་ལས་རིགས་དོ་དམ་གྱི་ཞན་ཆ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཁྱབ་གཏོང་བ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་སྲིད་འཛིན་ཁྲིམས་འཛིན་གྱི་གྲོས་འགོ་འདོན་དགོས།
     《བརྡ་ཐོའི་》ནང་བསྟན་དོན། ནག་སེལ་གཤེད་བཅོམ་བྱ་རྒྱུ་དེ་རུལ་རྒོལ་འཐབ་རྩོད་དང་། གཞི་རིམ་གྱི“སྦྲང་རྡུང”དང་ཟུང་འབྲེལ་བྱས་ནས་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་མཁན་རྩད་གཅོད་གཏིང་ཟབ་བྱེད་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ནག་ཚོགས་དང་གཤེད་མ་དང་འབྲེལ་ཡོད་ཏང་ཡོན་ལས་བྱེད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་མང་ཚོགས་ཀྱི་འཁྲིས་སུ་ཐོན་པའི་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུའི་གཙོ་གནད་དུ་བརྩི་བ་དང་འབྲེལ་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་དང་སྐོར་གཟིགས་སྐོར་དཔྱོད་ལས་དོན་ནང་འཇོག་དགོས་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་སྲིད་ཁྲིམས་ལས་ཁུངས་ཁག་གིས་གནད་དོན་གྱི་ཁུངས་སྣེ་མགྱོགས་མྱུར་རྩིས་སྤྲོད་བྱེད་པའི་ཚུར་ལན་ལམ་སྲོལ་བཙུགས་ནས་ནག་ཚོགས་དང་གཤེད་མ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་རྒྱབ་ཀྱི་རུལ་སུངས་གནད་དོན་རྩད་གཅོད་གཏིང་ཟབ་བྱས་ནས་གྱོད་གཞི་དེ་རང་ལ་དམིགས་ནས་གྱོད་གཞི་སྒྲུབ་གཉེར་དང་དོན་དེ་རང་ལ་དམིགས་ནས་ཤོད་རྒྱུ་གཏན་འགོག་བྱེད་དགོས་པ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་དང་ནག་ཚོགས་དང་གཤེད་མ་དང་འབྲེལ་ཡོད་གནད་དོན་དེ་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་ཐག་གཅོད་ཀྱི་གཙོ་གནད་ཏུ་བརྩིས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནང་ཤེས་རྟོགས་བྱུང་བའི་སྲུང་སྐྱོབ་མཁན་གྱི་གནད་དོན་ཁུངས་སྣེ་སྔོན་ལ་ཐག་གཅོད་བྱེད་པ་དང་གཅིག་ཤེས་རྟོགས་བྱུང་ན་གཅིག་ཐག་གཅོད་བྱེད་པ་དང་། སུ་ཞིག་དང་འབྲེལ་བ་ཡོད་རུང་ཚང་མ་རྩད་གཅོད་མཐའ་གཅིག་ཏུ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་ཆོག་པ། བསྒྲུབ་རྒྱུར་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་ནས་སྲུང་སྐྱོབ་བྱེད་མཁན་ལ་རྡུང་རྡེག་གཏོང་རྒྱུ་དེ་ནག་ཚོགས་དང་གཤེད་མའི་གྱོད་གཞི་མྱུལ་ཞིབ་དང་སྒྲུབ་གཉེར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་མཉམ་དུ་མྱུར་ཞིབ་དང་སྒྲུབ་གཉེར་ཐུབ་པ་བྱེད་དགོས་པ་དང་འབྲེལ་ནག་ཚོགས་དང་གཤེད་མ་འབྲེལ་བ་ཡོད་པ་དང་། རུལ་སུངས་ཡུན་རིང་། འབྲེལ་བ་ཟབ་པ་བཅས་ཀྱི་གྱོད་གཞི་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་ནག་ཚོགས་དང་གཤེད་མ་དང་འབྲེལ་ཡོད་རུལ་སུངས་ཀྱི་གྱོད་གཞི་དམ་འཛིན་བྱས་ཏེ་གཙོ་གནད་ཐོག་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས།
     《བརྡ་ཐོའི་》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ལས་དོན་སྤྱི་ཡོངས་ཀྱི་གནས་བབ་དང་ལས་ཀའི་གལ་ཆེན་ཉིན་རེའི་གྲོས་རིམ་ནང་འཇོག་དགོས་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་འཁུར་ཕོད་པ་དང་། གཏུགས་ཕོད་པ། དར་ཆ་གསལ་སྟོན་བཅས་ཀྱི་སྒོ་ནས་ནག་སེལ་གཤེད་བཅོམ་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་གཞི་སྒྲུབ་གཉེར་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ། སྲུང་སྐྱོབ་བྱེད་མཁན་རྩད་གཅོད་གཏིང་ཟབ་བཅས་བྱ་ཆེད་འགོག་རྐྱེན་སེལ་བ་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ། ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་དང་འབྲེལ་ཡོད་གནད་དོན་དང་ལྷག་པར་དུ་མང་ཚོགས་ཀྱི་བསམ་འཆར་མང་བའི་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞིར་རྣམ་འགྱུར་ནན་པོ་འཛིན་ནས་སུ་ཞིག་དང་འབྲེལ་བ་ཡོད་རུང་ཚང་མ་རྩད་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་ལྷག་པར་དུ་དེར་སྲུང་སྐྱོབ་བྱེད་མཁན་ཞིབ་བཤེར་གསལ་པོ་བྱས་ནས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་ཁ་གསལ་དོན་གསལ་ཡོང་བ་བྱེད་དགོས།